ལེའུ་ཉེར་གཅིག་པ།
བྲན་གཡོག་སྐོར་གྱི་ཁྲིམས་སྲོལ།
1 ཡང་འདི་སྐད་དུ། ཁྱོད་ཀྱིས་འབངས་མིའི་མདུན་དུ་འཛུགས་དགོས་པའི་ཁྲིམས་སྲོལ་ནི་འདི་ལྟ་སྟེ།
2 ཁྱོད་རྣམས་ཀྱིས་ཨིབ་རི་པའི་བྲན་གཡོག་ཅིག་ཉོས་ཚེ། ཁོས་ལོ་དྲུག་གི་རིང་ལ་གཡོག་བྱེད་དགོས་པ་དང་། ལོ་བདུན་པར་ཁོ་ཚོར་རང་དབང་འཐོབ་འོས་ཏེ་རིན་ཅི་ཡང་སྤྲོད་མི་དགོས་པར་སོང་ཆོག་པ་ཡིན།
3 ཁོ་རང་གཅིག་པུ་ཡོང་བ་ཡིན་ན། གཅིག་པུ་ཕྱིར་སོང་ཆོག་ལ། ཁོ་ཆུང་མ་དང་ལྷན་དུ་ཡོང་བ་ཡིན་ན། ཆུང་མ་ཁོ་དང་མཉམ་དུ་སོང་ཆོག
4 དེའི་བདག་པོས་ཁོ་ལ་ཆུང་མ་ཞིག་སྤྲད་ནས། ཆུང་མ་དེས་ཁོ་ལ་བུའམ་བུ་མོ་བཙས་ན། ཆུང་མ་དང་བུ་ཕྲུག་རྣམས་བདག་པོའི་ཡིན་ཞིང་། ཁོ་རང་གཅིག་པུ་ཕྱིར་འགྲོ་དགོས།
5 གལ་ཏེ་བྲན་གཡོག་གིས་འདི་ལྟར། ངས་རང་གི་བདག་པོ་དང་ཆུང་མ་དང་བུ་ཕྲུག་རྣམས་ལ་གཅེས་ཤིང་། རང་དབང་གིས་ཕྱིར་འགྲོ་བར་མི་འདོད་ཅེས་གསལ་པོར་སྨྲས་ན།
6 ཁོའི་བདག་པོས་མི་དེ་དཀོན་མཆོག་གི་མདུན་དུ་ཁྲིད་པ་དང་། ཡང་སྒོ་མདུན་ནམ་ཡང་ན་སྒོ་འགྲམ་དུ་ཁྲིད་ནས། སྙུང་བུས་དེའི་རྣ་བ་འབིགས་དགོས་པ་དང་། མི་དེས་གཏན་དུ་བདག་པོར་གཡོག་བྱེད་དགོས་སོ། །
7 ཡང་མི་ཞིག་གིས་རང་གི་བུ་མོ་གཡོག་མོ་བྱེད་དུ་བཙོངས་ན། ཁོ་མོ་གཡོག་པོ་རྣམས་ལ་རང་དབང་ཐོབ་པ་བཞིན་སོང་མི་ཆོག
8 བདག་པོས་ཁོ་མོ་རང་གི་ཕྱིར་བདམས་ཀྱང་དེ་ལ་མི་དགའ་ན། ཁོ་མོ་བླུ་རུ་འཇུག་དགོས། ཡང་བདག་པོས་ཁོ་མོ་བསླུས་པའི་རྐྱེན་གྱིས། ཁོ་མོ་ཕྱི་ཕྱོགས་པ་ལ་བཙོང་བའི་དབང་ཆ་དེ་ལ་མེད།
9 གལ་ཏེ་བདག་པོས་རང་གི་བུ་ཡི་ཕྱིར་ཁོ་མོ་བདམས་པ་ཡིན་ན་དེ་ལ་རང་གི་བུ་མོ་ཡིན་པའི་སྲོལ་བཞིན་བྱེད་དགོས།
10 ཡང་ཁོས་བུད་མེད་གཞན་ཞིག་ཆུང་མར་བླངས་ན། བུད་མེད་དེའི་ལྟོ་གོས་དང་གཉིས་སྦྱོར་གྱི་ཐོབ་འབབ་ཅི་ཡིན་ཡང་འཕྲི་མི་རུང་།
11 དོན་འདི་གསུམ་ག་མ་བསྒྲུབས་པ་ཡིན་ན། ཁོ་མོ་བླུ་རིན་མ་འཇལ་བར་སོང་ཆོག་པ་ཡིན་ཞེས་གསུངས་སོ། །
ཉེས་སྐྱོན་སྐོར་གྱི་ཁྲིམས་སྲོལ།
12 ཡང་འདི་སྐད་དུ། སུས་ཀྱང་མི་ཞིག་ལ་བརྡུངས་ནས་བསད་ཚེ། རྡུང་མཁན་དེའི་སྲོག་ཅི་ནས་ཀྱང་གཅོད་དགོས།
13 འོན་ཀྱང་ཁོས་མི་ལ་མ་འཇབ་པར། དཀོན་མཆོག་གིས་མི་དེ་ཁོའི་ལག་ཏུ་གཏད་པ་ཡིན་ན། མི་དེ་འབྲོ་སའི་གནས་ཤིག་བདག་གིས་བཀོད་སྒྲིག་བྱེད་པར་འགྱུར།
14 གལ་ཏེ་མི་ཞིག་གིས་གཡོ་ཐབས་ཀྱིས་མི་གཞན་ཞིག་བསམ་བཞིན་དུ་བསད་ཚེ། ཁོ་རང་བདག་གི་མཆོད་ཁྲིའི་གམ་དུ་སྦས་ན་ཡང་བཟུང་སྟེ་སྲོག་གཅོད་དགོས་སོ། །
15 ཡང་རང་གི་ཕའམ་མ་ལ་རྡུང་མཁན་དེའི་སྲོག་ཅི་ནས་ཀྱང་གཅོད་དགོས།
16 སུས་ཀྱང་མི་གཞན་ཞིག་བཙན་ཁྲིད་བྱས་ནས་བཙོངས་པའམ་ཡང་ན་རང་གི་དབང་འོག་ཏུ་ཉར་ན། ཁོའི་སྲོག་ཅི་ནས་ཀྱང་གཅོད་དགོས།
17 ཡང་རང་གི་ཕའམ་མ་ལ་སྨོན་ལོག་འདེབས་མཁན་དེའི་སྲོག་ཅི་ནས་ཀྱང་གཅོད་དགོས།
18 ཡང་མི་རྣམས་འཛིང་ནས་གཅིག་གིས་གཅིག་ལ་རྡོའམ་ལག་པས་བརྡུངས་པ་དང་། ད་དུང་འཆི་བའི་ཚད་ལ་མ་སླེབས་པར་མལ་སར་ལྷུང་བ་ཙམ་ཡིན་ཞིང་།
19 རྨས་མ་དེ་ཡང་བསྐྱར་ལངས་ནས་འཁར་བར་བརྟེན་ཏེ་ཕྱི་རོལ་ཏུ་འགྲོ་ཐུབ་པ་བྱུང་ཚེ། ཁོ་ལ་རྡུང་མཁན་དེ་ཉེས་མེད་དུ་རྩིས་ཆོག་མོད། འོན་ཀྱང་རྡུང་མཁན་གྱིས་རྨས་ཕོག་པའི་མི་དེའི་ལས་ཀར་དལ་འགོར་བྱས་པའི་གྱོང་གུད་འཚབ་དགོས་ཤིང་ཁོ་རང་སངས་དྲག་བྱེད་དུ་འཇུག་དགོས།
20 ཡང་མི་ཞིག་གིས་རང་གི་བྲན་གཡོག་གམ་ཡང་ན་གཡོག་མོ་ལ་དབྱུག་པས་བརྡུངས་ནས་འཕྲལ་དུ་ཁོའི་ལག་ཏུ་ཤི་ན། དེས་ངེས་པར་ཉེས་ཆད་འཁུར་དགོས།
21 འོན་ཀྱང་ཉིན་གཅིག་གམ་གཉིས་ལ་ད་དུང་གསོན་པོར་གནས་ན། ཁོ་རང་ནི་བདག་པོའི་རྒྱུ་ནོར་ཡིན་པའི་ཕྱིར་ཉེས་ཆད་འཁུར་མི་དགོས།
22 ཡང་མི་གཉིས་འཛིང་རེས་བྱེད་སྐབས་བུད་མེད་མངལ་དང་ལྡན་པ་ཞིག་ལ་ཁེལ་ནས་མངལ་ཤོར་དུ་བཅུག་ནའང་། ཕྱིས་སུ་གནོད་པ་གཞན་མ་བྱུང་ན། གནོད་སྐྱེལ་མཁན་གྱིས་བུད་མེད་དེའི་ཁྱོ་གའི་དགོས་འདོད་དང་། ཁྲིམས་དཔོན་རྣམས་ཀྱི་ཐག་བཅད་པ་བཞིན་འཇལ་དགོས།
23 གནོད་པ་གཞན་བྱུང་ན། དེ་ནས་སྲོག་ལ་སྲོག་ལན་དང་།
24 མིག་ལ་མིག་ལན། སོ་ལ་སོ་ལན། ལག་པ་ལ་ལག་པའི་ལན། རྐང་པ་ལ་རྐང་པའི་ལན།
25 འཚིག་རྨ་ལ་འཚིག་རྨའི་ལན། རྨས་ལ་རྨས་ལན། རྡུང་རྡེག་ལ་རྡུང་རྡེག་གིས་འཇལ་དགོས་སོ། །
26 ཡང་མི་ཞིག་གིས་རང་གི་བྲན་གཡོག་གི་མིག་གམ། ཡང་ན་གཡོག་མོའི་མིག་ལ་བརྒྱབ་ནས་མིག་ཞར་བར་བྱས་ན། མིག་དེའི་ཆེད་དུ་བྲན་གཡོག་དེར་རང་དབང་སྟེར་དགོས།
27 ཡང་ཁོས་རང་གི་བྲན་གཡོག་གི་སོའམ། ཡང་ན་གཡོག་མོའི་སོ་བཅག་ན། སོ་དེའི་ཆེད་དུ་བྲན་གཡོག་དེར་རང་དབང་སྟེར་དགོས་ཞེས་གསུངས་སོ། །
28 ཡང་འདི་སྐད་དུ། གལ་ཏེ་བ་གླང་ཞིག་གིས་སྐྱེས་པའམ་བུད་མེད་ཅིག་ལ་བརྡུངས་ནས་བསད་ན། བ་གླང་དེ་རྡོ་རུབ་བཏང་ནས་གསོད་དགོས། དེའི་ཤ་བཟའ་མི་རུང་། འོན་ཀྱང་གླང་བདག་ལ་ཉེས་པ་མེད།
29 གལ་ཏེ་བ་གླང་དེ་སྔར་ནས་མི་ལ་རྡུང་བར་གོམས་པ་དང་། གཞན་གྱིས་བདག་པོ་ལ་ཉེན་བརྡ་སྤྲད་ཡོད་ཀྱང་། བདག་པོས་དེ་མ་བཏགས་པར་སྐྱེས་པའམ་བུད་མེད་ཅིག་ལ་བརྡུངས་ནས་བསད་པ་ཡིན་ན། དེ་རྡོ་རུབ་བཏང་སྟེ་གསོད་པ་དང་གླང་བདག་ཀྱང་གསོད་དགོས།
30 འོན་ཀྱང་བདག་པོ་ནས་བླུ་རིན་ལེན་པ་ཡིན་ན། ཁོས་དེ་བཞིན་དུ་རང་སྲོག་གི་ཆེད་དུ་བླུ་རིན་འཇལ་དགོས།
31 བ་གླང་གིས་བུ་ཞིག་གམ་ཡང་ན་བུ་མོ་ཞིག་ལ་བརྡུངས་པ་ཡིན་ན། ཁྲིམས་དེ་བཞིན་དུ་བྱེད་དགོས་སོ། །
32 བ་གླང་གིས་བྲན་གཡོག་གམ་ཡང་ན་གཡོག་མོ་ཞིག་ལ་བརྡུངས་ན། དེ་དག་གི་བདག་པོ་ལ་དངུལ་སྲང་སུམ་ཅུ་སྟེར་བ་དང་། བ་གླང་ཡང་རྡོ་རུབ་བཏང་སྟེ་གསོད་དགོས།
33 ཡང་སུ་ཞིག་གིས་དོང་ཁ་ཕྱེས་པའམ། ཡང་ན་དོང་ཞིག་བྲུས་ནས་ཁ་མ་བཀབ་པས་བ་གླང་ངམ་བོང་བུ་ཞིག་དེའི་ནང་དུ་ལྷུང་ན།
34 དོང་གི་བདག་པོས་དེའི་རིན་དུ་ཕྱུགས་བདག་ལ་ཚབ་བཅལ་ནས། ཕྱུགས་ཤི་རོ་ནི་ཁོ་རང་ལ་དབང་དགོས།
35 ཡང་མི་ཞིག་གི་བ་གླང་གིས་གཞན་ཞིག་གི་བ་གླང་ལ་བརྡུངས་ནས་བསད་ན། བ་གླང་གསོན་པོ་དེ་བཙོངས་ནས། དེའི་རིན་ཆ་སྙོམས་སུ་བགོ་བ་དང་། བ་གླང་ཤི་རོ་ཡང་ཆ་སྙོམས་སུ་བགོ་བཤའ་རྒྱག་དགོས།
36 འོན་ཀྱང་བ་གླང་དེ་སྔར་ནས་མི་ལ་རྡུང་བར་གོམས་ནའང་བདག་པོས་དེ་མ་བཏགས་ན། བ་གླང་ལ་བ་གླང་གིས་ཚབ་འཇལ་བ་དང་། བ་གླང་ཤི་རོ་ནི་ཁོ་རང་ལ་དབང་བ་ཡིན་ཞེས་གསུངས་སོ། །