ལེའུ་ཉེར་གཉིས་པ།
རྒྱུ་ནོར་སྐོར་གྱི་ཁྲིམས་སྲོལ།
1 ཡང་འདི་སྐད་དུ། མི་ཞིག་གིས་བ་གླང་ངམ་ར་ལུག་ཅིག་བརྐུས་ཏེ་བཤས་པའམ་ཡང་ན་བཙོངས་པ་ཡིན་ན། བ་གླང་གཅིག་བ་གླང་ལྔ་ཡིས་འཚབ་དགོས་ཤིང་། ར་ལུག་གཅིག་ར་ལུག་བཞི་ཡིས་འཚབ་དགོས།
2 མི་ཞིག་གིས་ཆོམ་རྐུན་ཞིག་འཕྲལ་མར་བཟུང་ཞིང་བརྡུངས་ནས་ཤི་བར་གྱུར་ཚེ། དེའི་ཕྱིར་ཁྲག་ལན་ཁྲག་གིས་འཇལ་མི་དགོས།
3 གལ་ཏེ་ཉི་མ་ཤར་བའི་རྗེས་སུ་དོན་དེ་བྱུང་ན་ཁྲག་ལན་འཇལ་དགོས། སྤྱིར་རྐུན་མས་རྒྱུ་ཚབ་འཇལ་དགོས་ཤིང་། ཁོ་ལ་རྒྱུ་ཚབ་འཇལ་རྒྱུ་མེད་ན། ཁོ་རང་ཉིད་བཙོངས་ཏེ་རྒྱུ་ཚབ་བྱེད་དགོས།
4 གལ་ཏེ་ཁོས་བརྐུས་པའི་བ་གླང་ངམ་བོང་བུའམ་ར་ལུག་བཅས་རྐུན་མའི་ལག་ནས་གསོན་པོ་ཡིན་ན། ལྡབ་འགྱུར་གྱིས་འཚབ་དགོས་སོ། །
5 མི་ཞིག་གིས་རང་གི་ཕྱུགས་ཟོག་ནི་ཞིང་ངམ་རྒུན་ཚལ་དུ་འཚོས་ཏེ། རྗེས་སུ་ཕྱུགས་རྣམས་བཏང་ནས་གཞན་གྱི་ཞིང་ཁའང་བཟའ་བར་གྱུར་ན། རང་གི་ཞིང་དང་རྒུན་ཚལ་ནང་གི་མཆོག་ཡིན་པ་དེ་ཁོ་ལ་འཚབ་དགོས།
6 མེ་ཤོར་ནས་ཚེར་མ་བསྲེགས་ཏེ། གཞན་གྱི་མཉམ་དུ་སྤུངས་པའི་ཚར་ཕོན་དང་། གྱེན་ལ་འགྲེང་བའི་འབྲུ་སྙེ་དང་། ཡང་ན་ས་ཞིང་བཅས་ཐམས་ཅད་འཇོམས་པར་བྱས་ཚེ། མེ་གཏོང་མཁན་དེས་སྐྱིན་ཚབ་འཇལ་དགོས་སོ། །
7 མི་ཞིག་གིས་ཁྱིམ་མཚེས་ལ་དངུལ་དང་ཡང་ན་རྒྱུ་རྫས་བཅོལ་བ་དང་དེའི་ཁྱིམ་ནས་རྐུན་མས་ཁྱེར་བ་དང༌། གལ་ཏེ་རྐུན་མ་བཟུང་ན། རྐུན་མ་དེས་ལྡབ་འགྱུར་གྱིས་འཚབ་དགོས།
8 གལ་ཏེ་རྐུན་མ་དེ་ལག་ཏུ་མ་ཚུད་ན། ཁྱིམ་མཚེས་ཀྱིས་རྒྱུ་རྫས་ཁྱེར་མིན་ལ་བལྟ་བའི་ཕྱིར་ཁོ་རང་ཁྲིམས་དཔོན་རྣམས་ཀྱི་དྲུང་དུ་བཅར་དགོས།
9 མི་གཉིས་ཀྱི་གྱོད་དོན་ནི་ཉེས་པ་གང་གི་ཕྱིར་ཡིན་ཡང་། བ་གླང་ངམ་བོང་བུའམ་ར་ལུག་གམ་གོས་སམ། ཡང་ན་བོར་བའི་རྒྱུ་རྫས་གང་ཞིག་གི་ཕྱིར་དུ་མི་ཞིག་གིས་དེ་ནི་བདག་གི་ཡིན་ཞེས་ཟེར་བའི་དོན་གང་ཞིག་བྱུང་ན། རྩོད་པ་བྱུང་བའི་མི་གཉིས་ཀའི་གྱོད་དོན་ཁྲིམས་དཔོན་རྣམས་ཀྱི་དྲུང་དུ་སྙན་འབུལ་ཞུ་དགོས་པ་དང་། ཁྲིམས་དཔོན་རྣམས་ཀྱིས་མི་གང་ལ་ཉེས་ཆད་བཅད་པ་དེས་ཁྱིམ་མཚེས་ལ་ལྡབ་འགྱུར་གྱིས་འཚབ་དགོས།
10 མི་ཞིག་གིས་བོང་བུའམ་བ་གླང་ངམ་ར་ལུག་གམ། ཡང་ན་སྒོ་ཕྱུགས་གཞན་གང་ཡིན་པ་ཁྱིམ་མཚེས་ལ་བཅོལ་ཚེ། དེ་ཤི་བའམ་རྨས་སྐྱོན་བྱུང་བའམ། ཡང་ན་སུས་ཀྱང་མ་མཐོང་བར་གཞན་གྱིས་དེད་ཚེ།
11 དེ་གཉིས་ཀྱི་བར་ལ། ཁྱིམ་མཚེས་ཀྱིས་བཅོལ་མཁན་གྱི་རྒྱུ་རྫས་མ་ཁྱེར་ཞེས་དཀོན་མཆོག་ཡ་ཝཱེ་དཔང་དུ་བཙུགས་ནས་མནའ་བསྐྱལ་དགོས་ཤིང་། བཅོལ་མཁན་གྱིས་ཀྱང་འདྲི་གཅོད་བྱེད་མཚམས་འཇོག་དགོས་པ་དང་། སྐྱིན་ཚབ་ཀྱང་སྤྲོད་མི་དགོས།
12 སྒོ་ཕྱུགས་ནི་འཚོ་མཁན་གྱི་ལག་ནས་རྐུན་མ་ལ་ཤོར་ན། ཁོས་བདག་པོར་སྐྱིན་ཚབ་འཇལ་དགོས།
13 གཅན་གཟན་གྱིས་ཐེར་ཚལ་དུ་དྲལ་བ་ཡིན་ན། དཔང་པོའི་ཕྱིར་དེའི་རོ་ཁྱེར་འོངས་པ་ལས་སྐྱིན་ཚབ་འཇལ་མི་དགོས།
14 ཡང་མི་ཞིག་གིས་ཁྱིམ་མཚེས་ནས་ཅི་ཞིག་གཡོར་བ་ལ། བདག་པོ་ཁོ་དང་མཉམ་དུ་མེད་པའི་ཚེ་དེ་ལ་རྨས་སྐྱོན་བྱུང་བའམ་ཤི་བ་ཡིན་ན། ཅིས་ཀྱང་སྐྱིན་ཚབ་འཇལ་དགོས་ཤིང་།
15 བདག་པོ་དང་མཉམ་དུ་ཡོད་ན་འཚབ་མི་དགོས། གལ་ཏེ་མི་དེས་ཁྱིམ་མཚེས་ནས་གླས་ པ་ཡིན་ན་གླ་ཆའི་ཕྱིར་ཡིན་པས་འཚབ་མི་དགོས་ཞེས་གསུངས་སོ། །
ཀུན་སྤྱོད་ཐད་ཀྱི་ཁྲིམས་སྲོལ།
16 ཡང་འདི་སྐད་དུ། མི་ཞིག་གིས་གཉེན་རྟགས་བརྒྱབ་མེད་པའི་ན་ཆུང་བུ་མོ་ཞིག་བསླུས་ནས་དེ་དང་ལུས་འབྲེལ་བྱས་ན། རྒྱུ་བྱིན་ནས་བག་མར་ལེན་དགོས་ཏེ།
17 ཕ་ནི་བུ་མོ་མི་དེ་ལ་སྟེར་བར་ཁྱོན་ནས་མི་དགའ་ན། ན་ཆུང་བུ་མོ་རྣམས་ཀྱི་རྒྱུ་རིན་བཞིན་དུ་དངུལ་འཇལ་དགོས་སོ། །
18 ངན་སྔགས་ཤེས་པའི་བུད་མེད་ཅིག་འཚོ་རུ་མ་འཇུག
19 སུ་ཞིག་གིས་དུད་འགྲོ་ཞིག་དང་འཁྲིག་པ་སྤྱད་ན་དེའི་སྲོག་ཅིས་ཀྱང་གཅོད་དགོས།
20 དཀོན་མཆོག་ཡ་ཝཱེ་གཅིག་པུ་མ་གཏོགས་པར་ལྷ་གང་རུང་ལ་མཆོད་པ་འབུལ་བའི་མི་དེ་ཁྱོན་ནས་མེད་པར་བྱེད་དགོས།
21 ཁྱོད་ཅག་ཀྱང་ཨེ་ཅིབ་ཡུལ་ནས་བྱེས་པ་བྱས་མྱོང་བའི་ཕྱིར། བྱེས་པ་ཞིག་ལ་སྡུག་པོ་མ་གཏོང་། དེར་གནོན་ཤུགས་ཀྱང་སྦྱིན་མི་རུང་།
22 ཡུགས་མོ་དང་དྭ་ཕྲུག་སྡུག་ལ་མ་སྦྱོར་ཅིག
23 གལ་ཏེ་ཁྱོད་རྣམས་ཀྱིས་ཐབས་ཅི་ཞིག་གིས་དེ་དག་སྡུག་ལ་སྦྱར་བས་དེ་དག་གིས་ང་ལ་ཞུ་བ་ཕུལ་ན། བདག་གིས་དེ་རྣམས་ཀྱི་ཞུ་བར་ཅིས་ཀྱང་མཉན་ངེས་ཡིན་ལ།
24 ང་རང་ཁོང་ཁྲོ་རབ་ཏུ་འབར་ཏེ་ཁྱོད་རྣམས་རལ་གྲིས་འཇོམས་པར་བྱེད་པ་དང་། ཁྱོད་ཅག་གི་ཆུང་མ་རྣམས་ཡུགས་མོ་དང་། ཁྱོད་རྣམས་ཀྱི་བུ་ཕྲུག་རྣམས་དྭ་ཕྲུག་ཏུ་གཏོང་བར་འགྱུར་རོ། །
25 ཁྱོད་རྣམས་ཀྱིས་བདག་གི་འབངས་མི་ལས་ཁྱོད་ཅག་དང་མཉམ་དུ་ཡོད་པའི་དབུལ་པོ་རྣམས་ཀྱི་གཅིག་ལ་དངུལ་བསྐྱིས་ན། དེ་ལ་བུན་བདག་གི་ལུགས་བཞིན་མ་བྱེད། དངུལ་བུན་ལེན་མི་རུང་།
26 ཁྱིམ་མཚེས་ཀྱི་གོས་གཏའ་མར་བླངས་ན། ཉི་མ་མ་ནུབ་སྔོན་དུ་དེ་ལ་ཕྱིར་སྤྲོད་དགོས།
27 རྒྱུ་མཚན་ནི་དེ་ལ་གོས་ཁེབས་དང་ལུས་ལ་གྱོན་པ་དེ་ཁོ་ན་ལས་མེད་པས། ཁོས་ཅི་གོན་ནས་གཉིད་ལོག་པར་བྱེད་དམ། ཡང་མི་དེས་ང་ལ་ཞུ་བ་ཕུལ་ན། བདག་ནི་སྙིེང་རྗེ་ཅན་ཡིན་པས་དེ་ལ་མཉན་པར་འགྱུར་རོ། །
28 དཀོན་མཆོག་ལ་སྐུར་བ་མི་འདེབས་པ་དང་རང་གི་ཡུལ་མིའི་དཔོན་པོ་ལའང་སྐུར་བ་མི་འདེབས་པར་བྱའོ། །
29 ཁྱོད་རྣམས་ཀྱིས་རང་གི་ཞིང་ནང་གི་འབྲུ་རིགས་དང་འཚིར་གཞོང་ནང་གི་བཅུད་ཁུ་དེ་བདག་ལ་མཆོད་པར་འབུལ་དགོས་པ་དང་། དེ་ལ་འགོར་འགྱངས་བྱེད་མི་རུང་། ཁྱོད་ཅག་གིས་བུ་རྣམས་ཀྱི་སྐྱེས་འགོ་ཡང་ང་ལ་འབུལ་དགོས།
30 དེ་ལྟར་རང་གི་བ་གླང་དང་ར་ལུག་གི་ཕྱུགས་ཕྲུག་འགོ་མའང་བདག་ལ་འབུལ་དགོས། ཉིན་བདུན་ལ་ཨ་མ་དང་མཉམ་པོར་འདུག་ཏུ་ཆུག་ལ་ཉིན་བརྒྱད་པར་ང་ལ་འབུལ་བར་བྱའོ། །
31 ཁྱོད་རྣམས་ནི་ངའི་ཕྱིར་མི་དམ་པ་རྣམས་ཡིན་དགོས་པས་ན། ཐང་དུ་གཅན་གཟན་གྱིས་ཐེར་ཚལ་དུ་དྲལ་བའི་ཤ་དེ་ཁྱོད་ཅག་གིས་མི་བཟའ་བར་ཁྱི་རྣམས་ཀྱི་མདུན་ལ་གཡུགས་ཤིག་ཅེས་གསུངས་སོ། །