ལེའུ་ཉེར་དྲུག་པ།
གུར་མཆོག་གི་སྐོར།
1 ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་ཡོལ་བ་བཅུ་ཡིས་གུར་མཆོག་བཟོ་བར་བྱའོ། །དེའི་རྒྱུ་ནི་སོ་རས་སྲབ་བུ་བསྒྲིམས་པ་ཅན་དང་། བལ་སྐུད་མཐིང་ག་དང་། རྒྱ་སྨུག་དང་། མཚལ་དམར་གྱི་མདོག་ཅན་བཅས་ཡིན་ལ་འཐག་མཁན་ལག་རྩལ་ཅན་གྱི་ལས་བཞིན་དུ་ཀེ་རུབ་ཀྱི་གཟུགས་བརྙན་དང་ལྡན་པ་དེ་དག་བཟོ་དགོས།
2 ཡོལ་བ་རེ་རེའི་རིང་ཚད་ལ་ཁྲུ་ཉི་ཤུ་ཉེར་བརྒྱད་དང་། ཞེང་ཚད་ལ་ཁྲུ་བཞི་ཡོད་པར་བྱོས། ཡོལ་བ་ཐམས་ཅད་ཀྱི་ཚད་ནི་གཅིག་ཡིན་དགོས།
3 ཡོལ་བ་ལྔ་ནི་ཕན་ཚུན་འབྲེལ་བར་བྱོས་ལ། ཡོལ་བ་གཞན་ལྔ་པོ་དེ་ཡང་ཕན་ཚུན་འབྲེལ་བར་བྱེད་དགོས།
4 ཡང་མུ་གཅིག་ཏུ་འབྲེལ་བའི་ཡོལ་བ་སྔ་མ་དེའི་སྣེ་མོར་མཐིང་མདོག་གི་སྒྲོག་ལུང་རྣམས་བྱོས་ལ། མུ་གཅིག་ཏུ་འབྲེལ་བའི་ཡོལ་བ་ཕྱི་མ་དེའི་སྣེ་མོ་ལའང་དེ་བཞིན་བྱོས་ཤིག
5 མུ་གཅིག་ཏུ་འབྲེལ་བའི་ཡོལ་བ་སྔ་མར་སྒྲོག་ལུང་ལྔ་བཅུ་བཟོ་བ་དང་། མུ་གཅིག་ཏུ་འབྲེལ་བའི་ཡོལ་བ་ཕྱི་མར་ཡང་སྒྲོག་ལུང་ལྔ་བཅུ་བཟོ་དགོས་ཏེ། སྒྲོག་ལུང་རྣམས་ཆ་རེ་ཁ་སྤྲད་ནས་འཇོག་དགོས།
6 ཡང་གུར་མཆོག་མུ་གཅིག་ཏུ་བསྒྲིལ་བའི་ཕྱིར་གསེར་ཀྱུ་ལྔ་བཅུ་བཟོས་ནས། ཡོལ་བ་རྣམས་གསེར་ཀྱུས་སྦྲེལ་དགོས་སོ། །
7 ཡང་ཁྱོད་ཀྱིས་གུར་མཆོག་གི་ཁེབས་རས་ཀྱི་ཕྱིར་ར་རྩིད་ཀྱི་ཡོལ་བ་བཅུ་གཅིག་བཟོ་དགོས།
8 ཡོལ་བ་རེ་རེའི་རིང་ཚད་ནི་ཁྲུ་སུམ་ཅུ་དང་། ཞེང་ཚད་ལ་ཁྲུ་བཞི་ཡོད་དགོས། ཡོལ་བ་བཅུ་གཅིག་པོའི་ཚད་གཅིག་ཡིན་དགོས།
9 ཡོལ་བ་ལྔ་ནི་གཅིག་ཏུ་སྦྲེལ་དགོས་ཤིང་། ཡོལ་བ་གཞན་དྲུག་པོ་ཡང་གཅིག་ཏུ་སྦྲེལ་བར་གྱིས། ཡོལ་བ་དྲུག་ཅན་དེ་གུར་གྱི་མདུན་ལོགས་སུ་ཉིས་ལྟེབ་བྱོས་ཤིག
10 ཡོལ་བ་སྦྲེལ་མ་ལྔ་ཅན་དེའི་སྣེ་མོར་སྒྲོག་ལུང་ལྔ་བཅུ་དང་། ཡོལ་བ་སྦྲེལ་མ་དྲུག་ཅན་དེའི་སྣེ་མོ་ལའང་སྒྲོག་ལུང་ལྔ་བཅུ་བཟོ་བར་བྱའོ། །
11 ཁྱོད་ཀྱིས་ལི་ཡི་ཀྱུ་ལྔ་བཅུ་བཟོས་ནས། སྒྲོག་ལུང་རྣམས་ལ་བསྐོན་ནས་ཁེབས་རས་ནི་མུ་གཅིག་འཁྱུད་གཅིག་ཡོང་བར་བྱེད་དགོས།
12 གུར་མཆོག་གི་ཡོལ་བ་རྣམས་ནས་ལུས་ཤིང་བསྣར་བའི་ཡོལ་བ་ཕྱེད་ཀ་དེ་གུར་མཆོག་གི་རྒྱབ་ལོགས་སུ་བསྣར་དགོས།
13 གུར་མཆོག་གི་ཡོལ་བ་རྣམས་ཀྱི་རིང་ཚད་ནས་ལུས་པའི་ཆ་དེ་ཁྲུ་གཅིག་ནི་གུར་མཆོག་དེའི་ཕྱོགས་གཅིག་དང་། ཁྲུ་ཅིག་ཤོས་ནི་གུར་མཆོག་གི་ལོགས་གཞན་ལ་བསྣར་ཏེ་འགེབ་དགོས་སོ། །
14 རྒྱ་ཚོས་བརྒྱབ་པའི་ལུག་ཐུག་གི་པགས་པས་ཁེབས་རས་གཡོགས་ཤིག་དང་། དེའི་སྟེང་དུ་ཀོ་བ་སྤུས་ལེགས་རྣམས་ཀྱིས་ཡང་ཁེབས་ཤིག་བཟོ་བར་བྱའོ། །
15 གུར་མཆོག་གི་ཕྱིར་སེང་ལྡེང་ཤིང་གིས་གྱེན་དུ་འགྲེང་བའི་པང་ལེབ་རྣམས་བཟོས་ཤིག
16 པང་ལེབ་རེའི་རིང་ཚད་ནི་ཁྲུ་བཅུ་དང་། ཞེང་ཚད་ནི་ཁྲུ་གཅིག་དང་ཕྱེད་ཀའོ། །
17 པང་ལེབ་གཅིག་དང་གཅིག་འབྲེལ་བའི་ཕྱིར་རེ་རེ་ལ་ཁོང་གཟེར་གཉིས་བྱོས་ཤིག་དང་། གུར་མཆོག་གི་པང་ལེབ་ཐམས་ཅད་དེ་ལྟར་བྱའོ། །
18 གུར་མཆོག་གི་ལྷོ་ཕྱོགས་སུ་པང་ལེབ་ཉི་ཤུ་དང་།
19 པང་ལེབ་ཉི་ཤུ་དེའི་ཞབས་ལ་དངུལ་གྱི་ཞབས་ར་བཞི་བཅུ་བཟོ་དགོས་ལ། པང་ལེབ་རེའི་ཁོང་གཟེར་གཉིས་ལ་ཞབས་ར་ཟུང་རེ་བྱོས་ཤིག
20 གུར་མཆོག་གི་ལོགས་གཞན་ཏེ། བྱང་ཕྱོགས་སུ་ཡང་པང་ལེབ་ཉི་ཤུ་དགོས་སོ། །
21 དེའི་དངུལ་གྱི་ཞབས་ར་བཞི་བཅུ་དང་། པང་ལེབ་རེའི་འོག་ལ་ཞབས་ར་ཟུང་རེ་བྱོས་ཤིག
22 གུར་མཆོག་གི་རྒྱབ་ལོགས་ཏེ་ནུབ་ཕྱོགས་སུ་པང་ལེབ་དྲུག་དང་།
23 གུར་མཆོག་རྒྱབ་ལོགས་ཀྱི་ཟུར་གཉིས་ལ་པང་ལེབ་གཉིས་བཟོ་བར་བྱའོ། །
24 དེ་གཉིས་ཀྱི་འགབ་ལ་པང་ལེབ་ཉིས་གཤིབ་དགོས་ཤིང་། དེའི་གོང་ལའང་པང་ལེབ་གཅིག་གི་སྣེ་ནས་པང་ལེབ་གཞན་ཞིག་གི་བར་དུ་ཨ་ལོང་གཅིག་གིས་སྦྲེལ་བར་བྱ་ཞིང་། དེ་བཞིན་དུ་པང་ལེབ་གཉིས་དེ་ལྟར་ཡོད་དགོས་ཤིང་ཟུར་གཉིས་ཡིན་པར་འགྱུར།
25 དེ་ལྟར་པང་ལེབ་བརྒྱད་དང་། དེ་དག་ལ་དངུལ་གྱི་ཞབས་ར་བཅུ་དྲུག་ཡོད་དགོས་ཏེ། པང་ལེབ་རེ་ལ་ཞབས་ར་གཉིས་བཅས་སོ། །
26 དེ་ནས་སེང་ལྡེང་ཤིང་གིས་འཕྲེད་རྒྱུག་རྣམས་བཟོ་དགོས་ཤིང་། གུར་མཆོག་གི་ལོགས་གཅིག་གི་པང་ལེབ་རྣམས་ཀྱི་ཕྱིར་འཕྲེད་རྒྱུག་ལྔ་དང་།
27 གུར་མཆོག་གི་ལོགས་གཞན་ལ་ཡོད་པའི་པང་ལེབ་རྣམས་ཀྱི་ཕྱིར་འཕྲེད་རྒྱུག་ལྔ་དང་། རྒྱབ་ལོགས་ཏེ་ནུབ་ཕྱོགས་ཀྱི་པང་ལེབ་རྣམས་ཀྱི་ཕྱིར་ཡང་འཕྲེད་རྒྱུག་ལྔ་ཡོད་དགོས།
28 པང་ལེབ་རྣམས་ཀྱི་དཀྱིལ་དུ་ཡོད་པའི་འཕྲེད་རྒྱུག་དག་སྣེ་གཅིག་ནས་སྣེ་གཞན་དུ་སླེབས་པར་བྱེད་དགོས།
29 པང་ལེབ་དེ་དག་གསེར་གྱིས་གཡོགས་ཤིག དེ་དག་གི་འཕྲེད་རྒྱུག་འཛིན་པའི་ཨ་ལོང་རྣམས་གསེར་དུ་བྱོས་ཤིག ཡང་འཕྲེད་རྒྱུག་དག་གསེར་གྱིས་གཡོགས་པར་བྱའོ། །
30 དེ་ལྟར་རི་ནས་ཁྱོད་ལ་བསྟན་པའི་དཔེ་བཞིན་དུ་གུར་མཆོག་ཕུབ་དགོས་སོ། །
31 ཡང་ཁྱོད་ཀྱིས་ཡོལ་བ་ཞིག་བཟོ་བར་བྱའོ། །དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་། རྒྱ་སྨུག་དང་། མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་བཅས་ཡིན་དགོས་ཤིང་། ཡང་དེ་ལ་འཐག་མཁན་ལག་རྩལ་ཅན་གྱི་ལས་བཞིན་དུ་ཀེ་རུབ་ཀྱི་གཟུགས་བརྙན་དང་ལྡན་པར་བྱོས་ཤིག
32 ཡོལ་བ་དེ་ནི་སེང་ལྡེང་ཤིང་གི་ཀ་བ་བཞི་གསེར་གྱིས་གཡོགས་པར་འགེལ་བ་དང་། དེའི་ཀྱུ་རྣམས་གསེར་ཡིན་དགོས་ཏེ། ཀ་བ་རྣམས་དངུལ་གྱི་ཞབས་ར་ལ་བརྟེན་དགོས།
33 ཡོལ་བ་དེ་ཀྱུ་རྣམས་ཀྱི་སྣེ་རུ་དཔྱངས་པ་དང་། ཡོལ་བའི་ནང་ཐད་དུ་དཔང་མཛད་ཤུར་སྒམ་འཇོག་དགོས། དེ་ལྟར་ཡོལ་བ་དེས་ཁྱོད་རྣམས་ལ་གནས་དམ་པ་དང་གནས་དམ་མཆོག་གི་དབྱེ་མཚམས་འབྱེད་པར་འགྱུར་རོ། །
34 གནས་དམ་མཆོག་ནང་གི་དཔང་མཛད་ཤུར་སྒམ་གྱི་སྟེང་དུ་ཐུགས་རྗེའི་བཞུགས་ཁྲི་དེ་ཞོག་ཅིག
35 སྒྲོག་ཙེ་ནི་ཡོལ་བའི་ཕྱི་ལོགས་སུ་གུར་མཆོག་གི་བྱང་ཕྱོགས་དང་། སྒྲོན་སྟེགས་ནི་གུར་མཆོག་གི་ལྷོ་ཕྱོགས་སུ་ཕན་ཚུན་ཁ་སྤྲོད་དུ་འཇོག་དགོས་སོ། །
36 གུར་མཆོག་གི་སྒོ་ལ་སྒོ་ཡོལ་ཞིག་བཟོ་དགོས་ཤིང་། དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་། རྒྱ་སྨུག་དང་། མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་བཅས་ཡིན་དགོས་ལ། འཐག་མཁན་གྱི་ལས་བཞིན་དུ་བཟོ་དགོས།
37 སྒོ་ཡོལ་གྱི་ཕྱིར་སེང་ལྡེང་ཤིང་གི་ཀ་བ་ལྔ་གསེར་གྱིས་གཡོགས་པར་བྱོས་ལ། དེ་དག་གི་ཀྱུ་རྣམས་ཀྱང་གསེར་ཡིན་དགོས་པ་དང་། དེ་དག་གི་ཕྱིར་ཁྱོད་ཀྱིས་ལི་ཡི་ཞབས་ར་ལྔ་བླུགས་ཤིག་ཅེས་གསུངས་སོ། །