ལེའུ་ཉེར་བདུན་པ།
མཆོད་ཁྲིའི་སྐོར།
ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ། ཁྱོད་ཀྱིས་སེང་ལྡེང་ཤིང་གིས་མཆོད་ཁྲི་ཞིག་བཟོ་དགོས་ཤིང་། དེའི་རིང་ཚད་ལ་ཁྲུ་ལྔ་དང་ཞེང་ཚད་ལ་ཁྲུ་ལྔ་སྟེ་གྲུ་བཞི་མ་ཞིག་དང་། དེའི་མཐོ་ཚད་ལ་ཁྲུ་གསུམ་ཡོད་དགོས། དེའི་ཟུར་བཞི་ལ་རུ་ཐུར་བཞི་བཟོ་དགོས་པ་དང་། རུ་ཐུར་བཞི་ནི་མཆོད་ཁྲི་དང་གཅིག་ཏུ་སྦྲེལ་དགོས་ཤིང་། མཆོད་ཁྲི་ལི་ཡིས་གཡོག་པར་བྱའོ། ། ཡང་ཁྱོད་ཀྱིས་ཐལ་བ་འཁྱེར་བའི་ཕྱིར་གཞོང་པ་རྣམས་བཟོ་དགོས་པ་དང་། ཡང་མེ་ཁྱེམ་དང་། མཆོད་སྡེར་དང་ཤ་འཛིན་ཁ་དབྲག་དང་མེ་ཕོར་བཅས་བཟོ་དགོས། ཡོ་བྱད་དེ་ཐམས་ཅད་ལི་ཡིས་བཟོས་ཤིག ཡང་རྒྱུ་ལི་ཡིན་པའི་ཐག་མིག་ཅིག་བཟོས་ཏེ་ཐག་མིག་དེའི་གྲུ་ག་བཞི་ལ་ལི་ཡི་ཨ་ལོང་རེ་བྱའོ། ། ཐག་མིག་ནི་མཆོད་ཁྲིའི་མུ་ཁྱུད་ཀྱི་འགབ་ལ་བཅུག་སྟེ་མཆོད་ཁྲིའི་མཐོ་ཚད་ཀྱི་ཕྱེད་ཙམ་ལ་སླེབས་པར་བྱེད་དགོས། མཆོད་ཁྲི་ལ་སེང་ལྡེང་ཤིང་གིས་རྒྱུག་པ་བཟོས་ནས་དེ་གཉིས་ལི་ཡིས་གཡོགས་ཤིག རྒྱུག་པ་ནི་མཆོད་ཁྲིའི་ལོགས་གཉིས་ཀྱི་ཨ་ལོང་རྣམས་སུ་བརྒྱུས་ཤིང་མཆོད་ཁྲི་འཁུར་བའི་ཕྱིར་ཡིན་ལ། ཡང་པང་ལེབ་ཀྱིས་མཆོད་ཁྲི་བཟོ་དགོས་ཤིང་། དེའི་ནང་ནི་སྟོང་པ་ཡིན་པ་དང་། རི་ནས་ཁྱོད་ལ་བསྟན་པ་ཇི་བཞིན་བཟོ་དགོས་ཞེས་གསུངས་སོ། །
ཁྱམས་རའི་སྐོར།
ཡང་འདི་སྐད་དུ། ཁྱོད་ཀྱིས་གུར་མཆོག་ལ་ཁྱམས་ར་ཞིག་བཟོས་ཤིག དེའི་ལྷོ་ཕྱོགས་ཀྱི་ཁྱམས་ཡོལ་ནི་སོ་རས་སྲབ་བུ་བསྒྲིམས་པ་ཅན་གྱིས་བཟོ་དགོས་ཤིང་། རིང་ཚད་ནི་ཁྲུ་བརྒྱ་ཡིན་དགོས། 10 དེ་ལ་ཀ་བ་ཉི་ཤུ་དང་ལི་ཡི་ཞབས་ར་ཉི་ཤུ་བྱའོ། །ཀ་བའི་ཀྱུ་རྣམས་དང་དེ་དག་གི་ཁ་ཐུར་རྣམས་དངུལ་གྱིས་བཟོ་དགོས། 11 དེ་ལྟར་བྱང་ཕྱོགས་ཀྱི་ཁྱམས་ཡོལ་རྣམས་ཀྱི་རིང་ཚད་ལ་ཁྲུ་བརྒྱ་ཡོད་དགོས་པ་དང་། ཀ་བ་ཉི་ཤུ་དང་དེ་དག་གི་ལི་ཡི་ཞབས་ར་ཉི་ཤུ་དགོས་ཤིང་། ཀ་བའི་ཀྱུ་དང་ཁ་ཐུར་རྣམས་དངུལ་གྱིས་བཟོ་དགོས། 12 ཡང་ཁྱམས་རའི་ནུབ་ཕྱོགས་ཀྱི་ཡོལ་བ་རྣམས་ཀྱི་ཞེང་ཚད་ལ་ཁྲུ་ལྔ་བཅུ་ཡོད་དགོས་ཤིང་། དེ་ལ་ཀ་བ་བཅུ་དང་ཞབས་ར་བཅུ་བཅས་དགོས། 13 ཁྱམས་རའི་ཤར་ཕྱོགས་ཀྱི་ཞེང་ཚད་ལ་ཁྲུ་ལྔ་བཅུ་ཡོད་པར་བྱའོ། ། 14 སྒོའི་ལོགས་གཅིག་གི་ཡོལ་བ་ནི་ཁྲུ་བཅོ་ལྔ་དང་། དེ་ལ་ཀ་བ་གསུམ་དང་ཞབས་ར་གསུམ་བཅས་དགོས། 15 སྒོའི་ལོགས་ཅིག་ཤོས་ཀྱི་ཡོལ་བ་ལའང་ཁྲུ་བཅོ་ལྔ་དང་། དེ་ལ་ཀ་བ་གསུམ་དང་། ཞབས་ར་གསུམ་བཅས་དགོས། 16 ཁྱམས་རའི་སྒོ་ཡོལ་གྱི་རིང་ཚད་ནི་ཁྲུ་ཉི་ཤུ་དང་། དེའི་རྒྱུ་ནི་བལ་སྐུད་མཐིང་ག་དང་རྒྱ་སྨུག་དང་མཚལ་དམར་དང་། སོ་རས་སྲབ་བུ་བསྒྲིམས་པ་ཅན་ཡིན་དགོས་པ་དང་། འཐག་མཁན་གྱི་ལས་བཞིན་དུ་བཟོ་དགོས་ཏེ། དེ་ལ་ཀ་བ་བཞི་དང་ཞབས་ར་བཞི་བཅས་ཡོད་དགོས། 17 ཁྱམས་རའི་ཕྱོགས་བཞིའི་ཀ་བ་ཐམས་ཅད་དངུལ་གྱི་ཁ་ཐུར་གྱིས་སྦྲེལ་དགོས་ཤིང་། དེ་དག་གི་ཀྱུ་རྣམས་དངུལ་གྱིས་བཟོ་བ་དང་དེ་དག་གི་ཞབས་ར་རྣམས་ལི་ཡིས་བཟོ་དགོས། 18 ཁྱམས་རའི་རིང་ཚད་ལ་ཁྲུ་བརྒྱ་དང་། ཞེང་ཚད་ལ་ཁྲུ་ལྔ་བཅུ། མཐོ་ཚད་ལ་ཁྲུ་ལྔ་བཅས་སོ། །དེ་དག་གི་རྒྱུ་ནི་སོ་རས་སྲབ་བུ་བསྒྲིམས་པ་ཅན་ཡིན་དགོས་པ་དང་། ཀ་བའི་ཞབས་ར་རྣམས་ལི་ཡིན་དགོས། 19 གུར་མཆོག་ཏུ་བཀོལ་དགོས་པའི་ཡོ་ཆས་ཐམས་ཅད་དང་། དེའི་ཕུར་བ་ཀུན་དང་། ཁྱམས་རའི་ཕུར་བ་མཐའ་དག་བཅས་ལི་ཡིས་བཟོ་དགོས་ཞེས་གསུངས་སོ། །
སྒྲོན་མེའི་སྣུམ།
20 ཡང་འདི་སྐད་དུ། ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ། འོད་ཀྱི་ཆེད་དུ་སྐྱུ་རུ་རའི་ཤིང་ལས་བརྡུངས་པའི་སྣུམ་དྭངས་མ་ཁྱོད་ལ་འབུལ་དགོས་པའི་བཀའ་སྒོས་ཤིག དེ་ནི་སྒྲོན་མེ་རྟག་ཏུ་འབར་བའི་ཕྱིར་ཡིན། 21 མཇལ་འཕྲད་གུར་མཆོག་*གི་ནང་དུ་ཡོད་པའི་དཔང་མཛད་ཤུར་སྒམ་མདུན་གྱི་ཡོལ་བའི་ཕྱི་ཕྱོགས་སར། ཨ་རོན་དང་དེའི་བུ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེའི་སྤྱན་སྔར་མཚན་མོ་ནས་ཞོགས་པའི་བར་དུ་སྒྲོན་མེ་ལ་ལྟ་སྲུང་བྱེད་དགོས། དེ་ནི་ཡེས་ར་ཨེལ་པ་རྣམས་ཀྱི་ཁྲོད་དུ་མི་རབས་ནས་མི་རབས་བར་གཏན་དུ་གནས་པའི་སྒྲིག་ཁྲིམས་ཤིག་ཏུ་འགྱུར་དགོས་ཞེས་གསུངས་སོ། །
* ལེའུ་ཉེར་བདུན་པ།:21 མཇལ་འཕྲད་གུར་མཆོག་ཅེས་པ་ནི་གུར་མཆོག་ཅེས་པའི་མིང་གཞན་ཡིན་ལ། ལེའུ་ཕྱི་མ་དག་ཏུ་འབྱུང་བའང་དེ་བཞིན་གོ་དགོས།