ལེའུ་བཅུ་པ།
1 བདག་ནི་ཚེ་ལ་སུན་སྣང་སྐྱེས་པ་དང་། ། སེམས་ཀྱི་སྡུག་བསྔལ་དག་ནི་བརྗོད་འདོད་པས། ། རང་གི་སྡུག་རྣམས་རང་ལ་གླེང་བར་བྱ། །
2 བདག་གིས་དཀོན་མཆོག་ཁོང་ལ་འདི་ལྟར་ཞུ། ། ང་རང་ཉེས་ཅན་ལ་ནི་མི་བརྩི་བར། ། ཅིའི་ཕྱིར་བདག་དང་རྒོལ་བ་སྟོན་པར་མཛོད། །
3 ཁྱེད་ཀྱིས་ཕྱག་གིས་བཀོད་པར་བརྙས་ཅིང་སྨད། ། མི་ངན་རྣམས་ཀྱི་ཇུས་ལ་ཐུགས་དགྱེས་པས། ། དོན་འདི་ཁྱེད་ཀྱིས་ལེགས་པར་གཟིགས་སམ་ཅི། །
4 ཁྱེད་ལ་ཤ་ཡི་སྤྱན་མངའ་འམ། ། མི་ཡི་ལུགས་བཞིན་གཟིགས་ལགས་སམ། །
5 ཁྱེད་ཀྱི་ཉིན་མོ་མི་ཡི་ཉིན་དང་འདྲ་བ་མིན། ། ཁྱེད་ཀྱི་ལོ་ཟླ་གྱད་མིའི་ལོ་ཟླར་མི་མཚུངས་པས། །
6 ཁྱེད་ཀྱིས་ང་ཡི་སྡིག་པར་རྩད་གཅོད་ཅིང་། ། ང་ཡི་ཉེས་པར་ཞིབ་དཔྱོད་མཛད་འོང་ངམ། །
7 བདག་གིས་སྡིག་པ་མ་བཟོས་ཁྱེད་ཀྱིས་མཁྱེན་ན་ཡང་། ། ང་རང་ཁྱེད་ཀྱི་ཕྱག་ལས་སྒྲོལ་མཁན་སུ་ཡང་མེད། །
8 ཁྱེད་ཀྱི་ཕྱག་གིས་ང་རང་བཀོད་ནས་གཟུགས་བརྙན་གནང་། ། ཡིན་ཡང་ཁྱེད་ཀྱིས་བདག་ནི་སླར་ཡང་རྩ་མེད་མཛད། །
9 བདག་ནི་འདམ་ལྟར་བཀོད་པ་ཁྱེད་ཀྱིས་དྲན་པར་མཛོད། ། ཁྱེད་ཀྱིས་བདག་ནི་སླར་ཡང་རྡུལ་དུ་ལོག་མཛད་དམ། །
10 འོ་མ་བཞིན་དུ་ཁྱེད་ཀྱིས་བདག་ནི་མ་བླུགས་སམ། ། ཆུར་བ་ནང་བཞིན་བདག་ནི་ཆགས་སུ་མ་བཅུག་གམ ། །
11 ཁྱེད་ཀྱིས་ང་རང་ཤ་དང་སྐྱི་མོས་གཡོགས། ། རུས་དང་རྒྱུས་པས་བདག་ནི་སྦྲེལ་བར་མཛད། །
12 ཁྱེད་ཀྱིས་བདག་ལ་སྲོག་དང་བྱམས་བརྩེ་གནང་། ། ཁྱེད་ཀྱི་སྐྱབས་ཀྱིས་བདག་གི་སེམས་ཉིད་བསྲུངས། །
13 ཡིན་ཡང་འདི་རྣམས་ཁྱེད་ཀྱི་ཐུགས་སུ་སྦས། ། ཁྱེད་ཀྱི་ཐུགས་དགོངས་ཡིན་པ་བདག་གིས་རྟོགས། །
14 སྡིག་པ་སྤྱད་ན་ཁྱེད་ཀྱིས་ང་ལ་གཟིགས། ། ང་ཡི་སྡིག་པ་སེལ་དུ་ཁྱེད་མི་མཉེས། །
15 བདག་གིས་ཉེས་པ་བསགས་ན་ཆག་སྒོ་འབྱུང་། ། དྲང་བདེན་སྤྱད་ཀྱང་མགོ་ནི་འདེགས་མ་ཕོད། ། ངོ་ཚས་ཁྱབ་ཅིང་རང་གི་སྡུག་བསྔལ་མཐོང་། །
16 བདག་གིས་ང་རྒྱལ་མགོ་འཕང་གཏད་ན་ནི། ། ཁྱེད་ཀྱིས་སེང་གེ་བཞིན་དུ་ང་འདེད་ཅིང་། ། ཡ་མཚན་དོན་རྣམས་ངའི་སྟེང་མངོན་པར་མཛད། །
17 ཡང་བསྐྱར་བདེན་དཔང་བཙལ་ནས་ང་ལ་རྒོལ། ། ཁྱེད་ཀྱི་ཐུགས་ཁྲོ་ངའི་སྟེང་རྒྱས་པར་མཛད། ། དམག་དཔུང་རྣམས་ནི་བསྟུད་མར་ངའི་སྟེང་རྒྱུགས། །
18 ཁྱེད་ཀྱིས་ང་རང་མངལ་ནས་ཕྱུང་བ་ཅི། ། ང་རང་སྐབས་དེར་དབུགས་ཀྱི་རྒྱུན་ཆད་ནས། ། སུས་ཀྱང་མཐོང་བ་མིན་ན་ཅི་མ་རུང་། །
19 དེ་ནས་བདག་ནི་མ་སྐྱེས་པ་དང་མཚུངས། ། མངལ་ནས་ཐོན་ཚེ་དུར་དུ་བསྐྱལ་བ་ཡིན། །
20 བདག་གི་ཚེ་ནི་ཐུང་བ་མ་ཡིན་ནམ། ། བདག་ལ་དགའ་སྤྲོ་ཅུང་ཙམ་འཐོབ་པའི་ཕྱིར། ། ཁྱེད་ནི་བདག་དང་བྲལ་ནས་བསྐྱུར་བར་མཛོད། །
21 ཕྱིར་འོང་མེད་པའི་ཡུལ་དང་མུན་པའི་ཁམས། ། འཆི་བའི་ཕྱོགས་སུ་ང་རང་མ་སོང་གོང་། ། བདག་ལ་སྤྲོ་སྐྱིད་ཅུང་ཙམ་གནང་བར་མཛོད། །
22 ཡུལ་དེའི་སྨག་རུམ་ཅི་འདྲ་སྟུག་གེ་བ། ། འཆི་བའི་ཁམས་ནི་གོ་རིམ་ཉོག་པ་དང་། ། དེ་ཡི་འོད་ཀྱང་མུན་པའི་སྨག་རུམ་མོ། །