ལེའུ་དགུ་པ།
ཨེས་ཡོབ་ཀྱིས་པེལ་དེལ་ལ་ལན་གསུངས་པ།
1 དེ་ནས་ཨེས་ཡོབ་ཀྱིས་འདི་ལྟར་ལན་གསུངས་པ་སྟེ།
2 དེ་བཞིན་ལགས་པ་ང་ཡིས་ཤེས་ན་ཡང་། ། མི་ནི་དཀོན་མཆོག་དྲུང་དུ་ཅི་ལྟར་དྲང་། །
3 གལ་ཏེ་མི་རྣམས་ཁོང་དང་རྩོད་འདོད་ན། ། སྟོང་ཆའི་གཅིག་གི་ལན་ཡང་ཞུ་མི་ནུས། །
4 ཁོང་ནི་ཤེས་རབ་ལྡན་ཞིང་མཐུ་སྟོབས་ཆེ། ། ཁོང་ལ་རྒོལ་ཡང་བདེ་བར་ལུས་པ་སུ། །
5 ཁོང་གིས་རི་བོ་སྤོས་ཀྱང་དེ་ཡིས་མ་ཚོར་ཞིང་། ། ཁོང་གིས་ཐུགས་ཁྲོ་ནང་དུ་རི་བོ་སློག་པར་མཛད། །
6 ཁོང་གིས་ས་གཞི་རང་གནས་ལས་གཡོས་ཤིང་། ། ས་གཞིའི་ཀ་བ་རྣམས་ནི་ཡོམ་ཡོམ་འདར། །
7 ཉི་མར་བཀའ་གསུང་གནང་བས་དེ་མི་འཆར། ། སྐར་མ་རྣམས་ལ་ཕྱག་རྒྱ་འདེབས་པར་མཛད། །
8 ཁོང་ཉིད་གཅིག་པུས་ནམ་མཁའ་མཐར་བརྐྱངས་ཤིང་། ། རྒྱ་མཚོའི་རྦ་རླབས་སྟེང་དུ་ཞབས་ཀྱིས་བཅགས། །
9 སྨིན་བདུན་དྲང་སྲོང་སྨིན་དྲུག་གསུམ་པོ་དང་། ། ལྷོ་ཕྱོགས་སྐར་ཁྱིམ་རྣམས་ནི་ཁོང་གིས་མཛད། །
10 ཁོང་གི་འཕྲིན་ལས་ཆེན་པོ་བསམ་མི་ཁྱབ། ། ངོ་མཚར་དོན་ནི་བགྲང་ལས་འདས་པ་མཛད། །
11 ཁོང་ངའི་གམ་ནས་གཤེགས་ཀྱང་ངས་མི་མཐོང་། ། ཁོང་ངའི་མདུན་ནས་ཕེབས་ཀྱང་ངས་མི་ཚོར། །
12 ཁོང་གིས་ཕྲོགས་ན་སུ་ཡིས་བཟློག་ནུས་སམ། ། ཁྱེད་ཀྱིས་ཅི་ཞིག་མཛད་པ་ཡིན་ནམ་ཞེས། ། སུ་ཡིས་ཁོང་ལ་བཀའ་འདྲི་ཞུ་ཕོད་དམ། །
13 དཀོན་མཆོག་གིས་ནི་ཐུགས་ཁྲོ་བཟོད་མི་བྱ། ། ཁོང་འོག་ར་ཧབ་ སྡོངས་གྲོགས་འཁུམ་པ་ཡིན། །
14 དེ་ལྟར་ཡིན་པས་བདག་གིས་བརྗོད་མ་ཕོད། ། ཁོང་གི་དྲུང་དུ་ཅི་ལྟར་རྩོད་ནུས་སམ། །
15 བདག་ནི་དྲང་ཡང་ལན་ནི་བཟློག་མ་ནུས། ། རང་ལ་ཁྲིམས་ཐག་གཅོད་མཁན་ཁོང་ལ་ཞུ། །
16 ང་ཡིས་ཞུས་ན་ཁོང་གིས་བཀའ་ལན་གནང་སྲིད་ཀྱང་། ། ཁོང་གིས་བདག་ལ་གསན་པར་ང་རང་ཡིད་བརྟན་མེད། །
17 ཁོང་གིས་རླུང་དམར་དང་བཅས་བདག་ལ་བར་ཆད་གཏོང་། ། རྒྱུ་མཚན་མེད་པར་ང་ཡི་རྨ་རྣམས་ཁྱབ་པར་མཛད། །
18 ཁོང་གིས་བདག་ལ་དབུགས་ལེན་ལོང་མི་གནང་། ། བདག་ལ་དཀའ་སྡུག་ཡོངས་སུ་མྱངས་པར་མཛད། །
19 སྟོབས་ཤུགས་གླེང་ན་ཀྱེ་ཧོ་ཁོང་སྟོབས་ལྡན། ། དྲང་གཞག་གླེང་ན་སུ་ཡིས་བདག་འབོད་དམ། །
20 བདག་ནི་དྲང་བདེན་ཡིན་ན་ཡང་། ། རང་གི་སྨྲ་སྒོས་ཉེས་ཅན་བརྩི། ། ང་རང་སྐྱོན་བྲལ་ཡིན་ཡང་དེས། ། སྐྱོན་ཅན་ཡིན་པར་བདེན་དཔང་བྱེད། །
21 བདག་ནི་སྐྱོན་བྲལ་ཡིན་ཡང་རང་ཉིད་མི་བསམ་པས། ། ང་ནི་རང་གི་སྲོག་ལ་སུན་སྣང་རབ་ཏུ་སྐྱེས། །
22 དེའི་ཕྱིར་བདག་གིས་འདི་ལྟར་བརྗོད། ། སྐྱོན་བྲལ་ཅན་དང་སྡིག་སྤྱོད་ཅན། ། ཡོད་ཚད་གཅིག་མཚུངས་ཡིན་པ་དང་། ། ཁོང་གིས་རྩ་མེད་གཏོང་བར་མཛད། །
23 གནོད་འཚེས་གློ་བུར་འཆི་བ་ཁྱེར་འོངས་ན། ། ཉེས་མེད་དཀའ་སྡུག་འཕྲད་པར་ཁོང་བཞད་ངེས། །
24 སྡིག་སྤྱོད་ལག་ཏུ་ས་གཞི་གཏད་གྱུར་ན། ། ཁོང་གིས་ཁྲིམས་དཔོན་དག་གི་གདོང་བཏུམ་སྟེ། ། དེ་ནི་ཁོང་ཉིད་མིན་ན་གཞན་སུ་ཡིན། །
25 བདག་གི་ཚེ་ནི་བང་ཆེན་ལས་མྱུར་ཞིང་། ། དེ་རྣམས་ལམ་སེང་འདས་པས་སྐྱིད་མི་མཐོང་། །
26 བདག་གི་ཚེ་ནི་འདམ་རྩྭའི་གྲུ་ཆུང་དང་། ། ཁྱི་ར་རྒྱག་པར་རྔམ་པའི་གླག་ལྟར་ཤོར། །
27 རང་སྡུག་བརྗེད་དེ་སྐྱོ་གདོང་བསྐྱུར་ནས་ནི། ། འཛུམ་མདངས་རྒྱས་པར་བྱ་ཞེས་ངས་སྨྲས་ན། །
28 ཁྱེད་ཀྱིས་ང་རང་ནོངས་མེད་མི་མཛད་ངས་ཤེས་པས། ། ང་ནི་རང་གི་དཀའ་སྡུག་ཀུན་ཕྱིར་འཇིགས་སྣང་སྐྱེས། །
29 བདག་ནི་སྡིག་པ་ཅན་དུ་བརྩི་མཛད་ན། ། དོན་མེད་དཀའ་བ་ཅི་ལ་སྤྱོད་དགོས་སམ། །
30 གལ་ཏེ་བདག་གིས་ཁ་བས་ལུས་བཀྲུས་ཏེ། ། རང་གི་ལག་པར་བ་ཚྭ་བརྒྱབ་ན་ཡང་། །
31 ཁྱེད་ཀྱིས་ས་དོང་ནང་དུ་བདག་གཡུག་ཅིང་། ། ང་ཡི་གོས་ཀྱང་བདག་ལ་ཞེན་ལོག་འོང་། །
32 ཁོང་ནི་བདག་གིས་ལན་འདེབས་ནུས་པ་དང་། ། ལྷན་ཅིག་ཁྲིམས་རར་ཁ་རྩོད་བྱེད་ཆོག་པའི། ། ང་དང་འདྲ་བའི་མི་ནི་མ་ཡིན་ནོ། །
33 ངེད་གཉིས་སྟེང་དུ་ལག་པ་འཇོག་ནུས་པའི། ། ཁྲིམས་ཐག་གཅོད་མཁན་བར་ན་སུ་ཡང་མེད། །
34 ཁོང་གིས་ཉིད་ཀྱི་ཕྱག་འཁར་བདག་ལས་འཐེན་པར་ཤོག ། འཇིགས་རུང་བརྗིད་ཉམས་ཀྱིས་ནི་དངངས་པར་མ་གྱུར་ཅིག །
35 དེ་ནས་བདག་གིས་འཇིགས་པ་མེད་པར་ཁོང་ལ་ཞུ། ། རྒྱུ་མཚན་བདག་ནི་དེ་འདྲ་མ་ཡིན་རྐྱེན་གྱིས་སོ། །