ལེའུ་བཅོ་ལྔ་པ།
ཨེ་ལི་ཕཱ་སི་ཡི་ཁ་བརྡ་གཉིས་པ།
1 དེ་མན་པ་ཨེ་ལི་ཕཱ་སི་ཡིས་ལན་བཏབ་ནས་སྨྲས་པ།
2 མཁས་པས་ཤེས་བྱ་སྟོང་བས་ལན་འདེབས་ག་ལ་རུང་། ། ཤར་རླུང་ གིས་ཀྱང་ཁོག་པ་འགེང་བར་མི་འཇུག་སྟེ། །
3 དེ་ཡིས་སྙིང་པོ་མེད་པའི་གཏམ་སྨྲས་ནས། ། ཕན་ཐོགས་མེད་པའི་གཏམ་གྱིས་མི་རྩོད་དོ། །
4 ཁྱེད་ཀྱིས་གུས་ཤིང་འཇིགས་པའི་སེམས་འདོར་ཞིང་། ། དཀོན་མཆོག་དྲུང་དུ་གསོལ་བ་འདེབས་པ་འགོག །
5 ཁྱེད་ཀྱི་སྡིག་པས་ངག་ལ་བཀའ་སློབ་མཛད། ། གཡོ་སྒྱུ་ཅན་གྱི་ལྕེ་ནི་ཁྱེད་ཀྱིས་བཟུང་། །
6 ཁྱེད་ཀྱི་ཁ་ཡིས་ཉེས་ཆད་གཅོད་པ་ལས། ། བདག་གིས་ཁྱེད་ལ་ཉེས་ཆད་གཏོང་བ་མིན། ། ཁྱེད་ཀྱི་མཆུ་ཡིས་སྤྱོད་ངན་དཔང་པོ་བྱེད། །
7 མི་ལས་ཐོག་མར་ཁྱེད་རང་སྐྱེས་གྱུར་ཏམ། ། ཡང་ན་རི་ལས་སྔོན་དུ་ཁྱེད་བཀོད་དམ། །
8 ཁྱེད་ཀྱིས་དཀོན་མཆོག་གསུང་མོལ་སྔོན་ཐོས་ཏེ། ། རང་ཉིད་གཅིག་པོས་ཤེས་རབ་ལོངས་སྤྱོད་དམ། །
9 ཁྱེད་ཀྱིས་ཤེས་ཏེ་ང་ཚོས་མི་ཤེས་ཅི། ། ཁྱེད་ཀྱིས་རྟོགས་ཏེ་ང་ཚོས་མི་རྟོགས་ཅི། །
10 ཁྱེད་ཀྱི་ཕ་ལས་མང་དུ་བགྲེས་གྱུར་པའི། ། མགོ་དཀར་བགྲེས་པོ་རྣམས་ནི་ངེད་མཉམ་ཡོད། །
11 ཁྱེད་ལ་དཀོན་མཆོག་ཁོང་གི་སེམས་གསོ་དང་། ། བཀའ་གསུང་སྙན་མོ་ཤིན་ཏུ་ཉུང་བསམ་མམ། །
12 ཁྱེད་རང་སེམས་ཚོར་དབང་དུ་སོང་བ་དང་། ། མིག་ལས་ཁོང་ཁྲོའི་མེ་ལྕེ་རབ་འབར་ནས། །
13 སེམས་ནས་དཀོན་མཆོག་ཉིད་ལ་རྒོལ་བ་དང་། ། ཁ་ནས་འདི་འདྲའི་ཚིག་ལོག་རྒྱག་པ་ཅི། །
14 གཙང་མར་བརྩིས་པའི་མི་ནི་སུ་ཡིན་ནམ། ། བུད་མེད་དག་ལས་བཙས་པ་ཅི་ཡིན་ནམ། ། དེ་རྣམས་དྲང་བདེན་དྲང་ལ་བརྩི་འོས་སམ། །
15 དཀོན་མཆོག་ཕོ་ཉ་རྣམས་ལ་ཡིད་རྟོན་མེད། ། ཁོང་གི་གཟིགས་ངོར་གནམ་ཡང་མི་གཙང་ན། །
16 སྡིག་པ་ཆུ་བཞིན་འཐུང་བའི་མི་རྣམས་དང་། ། ཐ་ཤལ་ཞེན་ལོག་ཅན་རྣམས་ལྟ་ཅི་སྨོས། །
17 བདག་གིས་མཛུབ་སྟོན་བྱེད་པར་ཁྱེད་ཀྱིས་ཉོན། ། བདག་གིས་གང་ཞིག་མཐོང་བ་འཆད་པར་བྱ། །
18 མཁས་པས་ཕ་མེས་རྣམས་ལས་ཐོས་པ་དང་། ། གསང་བ་མེད་པར་གསུངས་པའི་ཚིག་རྣམས་ཡིན། །
19 ཡུལ་འདི་ཁོང་རྣམས་གཅིག་པུར་གནང་བར་མཛད། ། དེ་དག་ཁྲོད་དུ་ཕྱི་རོལ་པ་ནི་མེད། །
20 ངན་པའི་མི་ཚེ་གང་པོར་སྡུག་གིས་མནར། ། གདུག་རྩུབ་ཅན་གྱི་མི་ཚེ་འདི་འདྲ་ཡིན། །
21 ཁོ་ཡི་རྣ་བར་རྒྱུན་དུ་འཇིགས་སྒྲ་སྒྲོག ། ཞི་བདེ་དུས་སུ་དེའི་ཐོག་ཆོམ་རྐུན་འོང་། །
22 མུན་པ་ལས་ནི་ཐར་བར་ཁོས་མི་རློམ། ། རལ་གྲིས་ཁོ་ལ་ནམ་རྒྱུན་བསྒུགས་ནས་ཡོད། །
23 དེ་ནི་བཟའ་བཏུང་འཚོལ་ཕྱིར་ཕྱི་རུ་འཁྱམ། ། གང་དུ་བཟའ་བཏུང་ཡོད་དམ་ཞེས་སྨྲ་ཞིང་། ། མུན་པའི་ཉིན་མོ་སླེབས་པ་ཁོས་ཤེས་སོ། །
24 སེམས་ཁྲལ་དཀའ་སྡུག་དབང་གིས་ཁོ་རང་འཇིགས། ། དེ་ནི་རྒྱལ་པོ་འཐབ་ལ་ཞུགས་པ་འདྲ། །
25 ཁོས་ནི་དཀོན་མཆོག་ཉིད་ལ་ཁུ་ཚུར་གཡུགས། ། ཀུན་དབང་ཁོང་ལ་རང་ཤུགས་ངོམ་པས་སོ། །
26 དེ་ཡིས་གཤིས་གྱོང་སེམས་དང་བཅས། ། སྲ་ཞིང་བརྟན་པའི་ཕུབ་བཟུང་ནས། ། ཀུན་དབང་ཉིད་ལ་རྒོལ་བར་རྒྱུགས། །
27 དེ་ཡི་ངོ་གདོང་ཤ་ཡིས་རྒྱགས། ། རྐེད་པར་ཚིལ་གྱིས་བཀང་བས་སོ། །
28 ཁོ་ནི་དབེན་སྟོང་གནས་སུ་བསྡད་པ་སྟེ། ། ཁང་པ་ནང་དུ་སྡོད་མཁན་གཅིག་ཀྱང་མེད། ། དེ་རྣམས་རྗེས་སུ་གྱང་རོར་འགྱུར་ངེས་ཡིན། །
29 ཁོ་ནི་ཕྱུག་པོར་མི་འགྱུར་ཞིང་། ། རྒྱུ་ནོར་ཅི་ཡང་བསོག་མི་ཐུབ། ། ཐོན་རྫས་གང་ཡང་འཕེལ་མི་འགྱུར། །
30 ཁོ་རང་སྨག་རུམ་དང་ནི་འབྲལ་མི་འགྱུར། ། དེ་ཡི་ཡལ་ག་མེ་ལྕེས་བསྲེག་པར་བྱ། ། དཀོན་མཆོག་ཁོང་གི་ཞལ་དབུགས་དབང་གིས་ནི། ། ཁོ་ཉིད་འབྲལ་བར་འགྱུར་བའི་ཕྱིར་ཡིན་ནོ། །
31 དེ་ལ་རྫུས་མ་ལན་དུ་འཐོབ་ངེས་པས། ། རྫུས་མར་བརྟེན་ནས་རང་ཉིད་བསླུ་མ་བྱེད། །
32 དེ་ཡི་ཚེ་མཇུག་མ་སླེབས་གོང་། ། བྱ་བ་འདི་ནི་འགྲུབ་པར་འགྱུར། ། དེ་ཡི་ཡལ་ག་རྒྱས་མི་འགྱུར། །
33 ཁོ་ནི་རྒུན་འབྲུམ་ཤིང་གི་རྒུན་འབྲུམ་བཞིན། ། མ་སྨིན་སྔོན་ལ་ས་རུ་ལྷུང་བ་དང་། ། སྐྱུ་རུ་ཤིང་གི་མེ་ཏོག་ནང་བཞིན་དུ། ། བཞད་མ་ཐག་ནས་ཡལ་དང་གཉིས་སུ་མེད། །
34 དད་གུས་མེད་པའི་མི་ལ་བུ་རྒྱུད་ཆད། ། ལྐོག་རྔན་ལེན་མཁན་གུར་རྣམས་མེས་བསྲེག་འོང་། །
35 དེ་ཚོར་ཟོལ་ཟོག་མངལ་ཆགས་ཤིང་། ། དེ་ཚོས་བཙས་པ་སྡིག་ཉེས་ཡིན། ། ཁོག་ནང་གཡོ་སྒྱུ་བསྒྲིགས་ཡོད་དོ། །