ལེའུ་བཅུ་དྲུག་པ།
ཨེས་ཡོབ་ཀྱིས་ཨེ་ལི་ཕཱ་སི་ལ་ལན་གསུངས་པ།
དེ་ནས་ཨེས་ཡོབ་ཀྱིས་ལན་བཏབ་ནས་གསུངས་པ། བདག་གིས་འདི་འདྲའི་གཏམ་ནི་མང་དུ་ཐོས། ། ཁྱོད་རྣམས་སེམས་གསོ་བྱེད་མཁན་ཐབས་རྡུགས་ཡིན། ། འཆོལ་གཏམ་ལ་ནི་རྫོགས་པའི་དུས་ཡོད་དམ། ། གང་གིས་ཁྱོད་ལ་གཙེར་ནས་ལན་ཟློག་གམ། ། ངས་ཀྱང་ཁྱོད་ཚོའི་གཏམ་བཞིན་གླེང་ནུས་ཏེ། ། ཁྱོད་ཚོ་ང་ཡི་གནས་སུ་ལྷུང་གྱུར་ན། ། ངས་ཀྱང་ཁྱོད་ལ་རྒོལ་བའི་གཏམ་གླེང་ནུས། ། ཁྱོད་ཚོའི་ཕྱོགས་སུ་མགོ་ཡང་གཡུག་པར་ནུས། ། ཡིན་ཡང་བདག་གིས་ཁྱོད་ཚོ་བརྟན་པོར་བྱེད། ། སྨྲ་སྒོས་ཁྱོད་རྣམས་སེམས་སྡུག་མེད་པར་བྱ། ། ང་ཡིས་བརྗོད་ཀྱང་སྡུག་བསྔལ་མ་ཡལ་ཏེ། ། ངས་ངག་བསྡམས་ན་སྡུག་བསྔལ་འབྲལ་འགྱུར་རམ། ། ད་ནི་དཀོན་མཆོག་ཁོང་གིས་ང་རང་ཆད་དུ་བཅུག ། ང་ཡི་གཡོག་འཁོར་ཐམས་ཅད་གཞི་ནས་བརླག་པར་མཛད། ། དེ་མིན་ཁྱེད་ཀྱིས་ང་རང་བཟུང་ནས་ནི། ། བདེན་དཔང་དང་བཅས་ང་ལ་རྒོལ་བ་དང་། ། བདག་གི་ལུས་ཟུངས་རིད་པོ་འདི་ཡིས་ཀྱང་། ། དངོས་སུ་ང་ཡི་ཉེས་པར་དཔང་པོ་བྱེད། ། ཁོང་གི་ཐུགས་ཁྲོས་ང་རང་དབྲལ་བ་དང་། ། ཁོང་གི་ཐུགས་ཁྲོས་བདག་ལ་བཙན་སྐུལ་བྱེད། ། བདག་ཕྱོགས་ཁོང་གི་ཚེམས་ཀྱང་གཙིག་པར་མཛད། ། དགྲ་བོས་སྡང་བའི་མིག་གིས་བདག་ལ་ལྟ། ། 10 དེ་ཚོས་ང་ལ་འཕྱ་བར་ཁ་གདང་ཞིང་། ། བརྙས་བཅོས་གཏོང་ཆེད་ང་ལ་འགྲམ་ལྕག་གཞུས། ། དེ་རྣམས་ལྷན་ཅིག་འཛོམས་ཏེ་ང་ལ་རྒོལ། ། 11 ཁོང་གིས་ང་རང་བྱིས་པའི་ལག་པར་གཏད། ། སྡིག་སྤྱོད་ལག་ནང་ཁོང་གིས་བདག་ནི་བཅུག ། 12 བདེ་བར་སྡོད་དུས་ཁོང་གིས་རྩ་ནས་གཏོར། ། ང་ཡི་གཉའ་ནས་བཟུང་སྟེ་ས་རུ་གཡུགས། ། ཁོང་གི་འབེན་དུ་བདག་ནི་སློང་བར་མཛད། ། 13 ཁོང་གི་མདའ་པས་བདག་གི་མཐའ་ནས་བསྐོར། ། སྙིང་རྗེ་མེད་པར་བདག་གི་མཁལ་མ་ཕུག ། བདག་གི་མཁྲིས་ཁུ་ས་རུ་འཕོ་བར་མཛད། ། 14 ཁོང་གིས་ང་རང་ཡང་ནས་ཡང་དུ་གཏོར། ། དཔའ་བོ་ནང་བཞིན་བདག་གི་ཕྱོགས་སུ་འཁྱོངས། ། 15 ང་ཡིས་སྐྱི་མོ་སྟེང་དུ་གཙོ་མ་བཙེམས། ། རང་གི་རྭ་ཅོ་ *ཐལ་བའི་ནང་དུ་བཞག ། 16 བདག་ནི་ངུས་པས་ངོ་གདོང་དམར་པོར་གྱུར། ། ང་ཡི་མིག་ལྕིབས་སྟེང་དུ་སྨག་རུམ་ཡོད། ། 17 འོན་ཀྱང་ང་ཡི་ལག་པར་གདུག་རྩུབ་མེད། ། བདག་གི་སྨོན་ལམ་རྣམ་དག་ཡིན་པར་ངེས། ། 18 ཀྱེ་ཀྱེ་ས་གཞི་ངའི་ཁྲག་མ་སྦས་ཤིག ། ང་ཡི་འོ་དོད་འགོག་པར་མི་མཛད་རོགས། ། 19 ལྟོས་དང་ནམ་མཁར་ང་ཡི་བདེན་དཔང་མཆིས། ། ང་རང་སྲུང་མཁན་མཐོན་པོའི་གནས་སུ་བཞུགས། ། 20 བདག་གི་གྲོགས་པོས་བདག་ལ་འཕྱས་ན་ཡང་། ། དཀོན་མཆོག་ཕྱོགས་སུ་ང་ཡིས་མིག་ཆུ་བཞུར། ། 21 མི་ཡིས་རང་གི་གྲོགས་པོ་བཞིན། ། དཀོན་མཆོག་ལ་ཡང་རྩོད་པར་ཤོག ། 22 རྒྱུ་མཚན་ལོ་འགའ་ཕྱིན་པའི་རྗེས། ། བདག་ནི་མི་ལྡོག་ལམ་དུ་འཇུག །
* ལེའུ་བཅུ་དྲུག་པ།:15 འདིར་རྭ་ཅོ་ཞེས་པ་ནི་སྟོབས་ཤུགས་ལ་གོ་བ་ཡིན།