ལེའུ་ཉེར་དགུ་པ།
ཨེས་ཡོབ་ཀྱིས་གཏམ་གྱི་མཇུག་བསྒྲིལ་བ།
ཨེས་ཡོབ་ཀྱིས་མུ་མཐུད་དུ་རང་གི་གཏམ་སྨྲས་ཏེ་ན་རེ། དཀོན་མཆོག་ང་རང་བསྲུངས་པའི་ཉིན་མོ་སྟེ། ། སྔར་གྱི་དུས་བཞིན་ཡིན་ན་ཅི་མ་རུང་། ། སྐབས་དེར་ཁོང་གི་སྒྲོན་མེ་ངའི་སྟེང་ཤར། ། ང་རང་འོད་དེར་བརྟེན་ནས་མུན་པར་རྒྱུ། ། ང་རང་དར་ལ་བབས་པའི་དུས། ། དཀོན་མཆོག་ཁོང་གི་མཛའ་བརྩེ་ནི། ། བདག་གི་གུར་ནང་མཆིས་པ་དང་། ། བདག་དང་ལྷན་དུ་ཀུན་དབང་བཞུགས། ། ཕྲུ་གུ་རྣམས་ཀྱིས་མཐའ་ནས་བསྐོར། ། བདག་གི་རྐང་པ་འོ་སྤྲིས་བཀྲུས་པ་དང་། ། བྲག་རིས་སྣུམ་གྱི་གཙང་པོ་བདག་ཕྱིར་བཞུར། ། ང་རང་མཁར་གྱི་སྒོ་ཁར་ཕྱིན་ནས་ནི། ། ཐང་ཆེན་ཡོད་སར་འདུག་གནས་བཤམས་པ་དང་། ། གཞོན་ནུས་ང་རང་མཐོང་པ་ཙམ་གྱིས་གཡོལ། ། རྒན་པོ་རྣམས་ཀྱང་ས་ནས་ཡར་ལ་ལངས། ། རྒྱལ་སྲས་རྣམས་ཀྱིས་སྨྲ་བརྗོད་མཚམས་བཞག་ཅིང་། ། རང་གི་སྨྲ་སྒོ་ལག་པས་བཀབ་ནས་བསྡད། ། 10 འགོ་དཔོན་རྣམས་ཀྱིས་སྐད་མ་བཏོན། ། ཁོ་ཚོའི་ལྗགས་ལྕེ་རྐན་ལ་འབྱར། ། 11 ང་རང་ཐོས་མཁན་རྣམས་ཀྱིས་བདེ་ལེགས་བརྗོད། ། ང་རང་མཐོང་བ་དག་གིས་བསྟོད་པ་ཕུལ། ། 12 ངུ་འབོད་བྱེད་པའི་ཉམ་ཐག་ཅན་རྣམས་དང་། ། རོགས་རམ་མེད་པའི་དྭ་ཕྲུག་བསྐྱབས་ཕྱིར་རོ། ། 13 འཆི་ཁའི་མི་ཡིས་བདག་ལ་སྨོན་འདུན་ཞུས། ། བདག་གིས་ཡུགས་མོའི་སེམས་སུ་དགའ་འབོད་བསྐྱེད། ། 14 བདག་གིས་དྲང་བདེན་གོས་བཞིན་གཡོགས་པ་དང་། ། དྲང་གཞག་ཕྱི་གོས་དང་ནི་མགོ་རས་བཞིན། ། 15 བདག་ནི་ལོང་པའི་མིག་དང་ནི། ། ཞ་བོའི་རྐང་པ་བཞིན་དུ་གྱུར། ། 16 བདག་ནི་དབུལ་ཕོངས་རྣམས་ཀྱི་ཕ་བཞིན་ཡིན། ། རྒྱུས་མེད་མི་ཡི་གྱོད་གཞིར་རྩད་གཅོད་བྱས། ། 17 བདག་གིས་སྡིག་སྤྱོད་ཅན་གྱི་འགྲམ་རུས་བཅག ། དེ་ཡི་བརྔོན་ཤ་སོ་ཡི་བར་ནས་ཕྲོགས། ། 18 དེ་ནས་བདག་གིས་འདི་ལྟར་སྨྲས། ། བདག་གིས་རང་གི་ཉིན་མོ་ནི། ། བྱེ་མ་བཞིན་དུ་འཕེལ་བཅུག་ནས། ། རང་གི་ཁྱིམ་དུ་བདག་འཆི་ངེས། ། 19 བདག་གི་རྩ་བ་ཆུ་ཡི་འགྲམ་དུ་བརྐྱངས། ། བདག་གི་ཡལ་གར་མཚན་མོ་ཟིལ་བ་འབབ། ། 20 རང་གི་གཟི་དཔལ་ངའི་སྟེང་མི་ཉམས་ཏེ། ། རང་གི་ལག་ནང་གཞུ་མོ་གསར་བར་འགྱུར། ། 21 མི་ཡིས་བདག་གི་གཏམ་ལ་མཉན་ཞིང་བསྒུགས། ། ང་ཡི་བཀའ་སློབ་ཆེད་དུ་ངག་ཀྱང་བསྡམས། ། 22 ངའི་གཏམ་ཐོས་རྗེས་ཁོ་ཚོས་མ་སྨྲས་ལ། ། དེ་རྣམས་སྟེང་དུ་བདག་གི་གཏམ་བབས་ཤིང་། ། 23 དེ་ཚོས་ཆར་བར་སྒུག་ལྟར་བདག་ལ་སྒུག ། ཆར་ལ་རེ་བ་བཞིན་དུ་ཁ་ཆེར་གདངས *། ། 24 བདག་གིས་ཁོ་ཚོར་འཛུམ་བསྟན་ཡང་། ། ཁོ་རྣམས་དེ་ལ་ཡིད་མ་ཆེས། ། དེ་ཚོས་ང་ཡི་གདོང་གི་མདངས། ། ནམ་ཡང་ཉམས་སུ་མ་བཅུག་སྟེ། ། 25 བདག་གིས་དེ་རྣམས་ཆེད་དུ་ལམ་བདམས་ཤིང་། ། ཁོ་ཚོའི་ཁྲོད་དུ་བདག་ནི་གྲལ་མགོར་བསྡད། ། བདག་ནི་དམག་དཔུང་དཀྱིལ་གྱི་རྒྱལ་པོ་ལྟར། ། མྱ་ངན་ཅན་གྱི་སེམས་གསོ་མཁན་དུ་གྱུར། །
* ལེའུ་ཉེར་དགུ་པ།:23 འདིར་ཁ་ཆེར་གདངས་ཞེས་པ་ནི་རེ་བ་ཆེན་པོ་བཅངས་པའི་དོན་ལ་འཇུག