ལེའུ་སུམ་ཅུ་པ།
1 ད་ལྟ་བདག་ལས་གཞོན་པས་བདག་ལ་འཕྱ། ། དེ་ཚོའི་ཕ་རྣམས་བདག་གིས་མཐོང་ཆུང་བྱས། ། བདག་གི་ལུག་ཁྱུའི་ཁྱི་མཉམ་མ་བཞག་སྟེ། །
2 སྟོབས་ཤུགས་ཟད་པར་གྱུར་པའི་མི་དེ་ཡི། ། ལག་པའི་སྟོབས་ཀྱིས་བདག་ལ་ཕན་ཅི་ཐོགས། །
3 དེ་ཚོ་དབུལ་ཞིང་ཤིན་ཏུ་ལྟོགས་པས་ན། ། ལུས་ཀྱི་ཤེད་ཤུགས་ཀྱང་ནི་ཉམས་པ་དང་། ། མཚན་མོར་སྐྱོ་སྣང་ཁེངས་པའི་ཐང་རྒོད་དུ། ། དབེན་སྟོང་ཡུལ་གྱི་རྩྭ་སྐམ་བལྡད་པ་ཡིན། །
4 དེ་ཚོས་རྩྭ་གསེང་ཚྭ་རྩྭ་བཙལ་བ་དང་། ། ཤུག་སྡོང་རྩད་པ་དེ་རྣམས་བཟའ་ཆས་ཡིན། །
5 དེ་དག་མི་ཡི་ཁྲོད་ནས་ཕྱིར་བཏོན་ཏེ། ། རྐུན་རྗེས་འདེད་བཞིན་མི་ཡིས་ཀི་བརྒྱབ་པས། །
6 དེ་རྣམས་ལུང་སྟོང་རྣམས་ཀྱི་ཕུག་དང་ནི། ། ས་ཁུང་རྣམས་དང་བྲག་ཕུག་བཅས་ནས་བསྡད། །
7 དེ་ཚོས་ཤིང་ཕྲན་གསེང་དུ་འབོད་སྒྲ་བཏང་། ། ལྗང་ཚེར་འོག་ཏུ་ལྷན་ཅིག་འཛོམས་པ་ཡིན། །
8 འདི་དག་གྲགས་པ་མེད་པའི་བུ་ཡིན་པས། ། དེ་དག་སྤྱུགས་ནས་ས་མཚམས་ཕྱི་རུ་བསྐྲད། །
9 ད་ལྟ་བདག་ནི་དེ་ཚོའི་གླུ་རུ་གྱུར། ། དེ་ཚོའི་བཞད་གད་གཏམ་དུ་གྱུར་པ་ཡིན། །
10 དེ་ཚོ་ང་ལ་ཞེན་ཁ་ལོག ། ཟུར་དུ་གཡོལ་ནས་བསྡད་པའི་ཁར། ། བདག་གི་གདོང་དུ་མཆིལ་མ་གཏོར། །
11 ཁོང་གིས་གཞུ་རྒྱུད་བཀྲོལ་ནས་བདག་ལ་གཙེས། ། དེ་ཚོས་བདག་གི་མདུན་དུ་གང་འདོད་སྤྱད། །
12 དེ་དག་བདག་གི་གཡས་སུ་ཡར་ལངས་ཏེ། ། བདག་གི་རྐང་པར་ཕུད་རྒྱག་བྱས་པ་དང་། ། གནོད་འཚེའི་ལམ་གྱིས་བདག་ལ་རྒོལ་བར་གྱུར། །
13 དེ་ཚོས་བདག་གི་ལམ་ནི་བརླག་གྱུར་ཏེ། ། བདག་གི་གནོད་འཚེ་འཕེལ་དུ་བཅུག་པ་དང་། ། དེ་ཚོར་རོགས་རམ་བྱེད་མཁན་ཡོད་མ་ཡིན། །
14 དེ་དག་ཆུ་རུད་ཆེན་པོ་ལྟར་འོངས་ཤིང་། ། འཕུང་དུས་བདག་གི་སྟེང་ལ་རྦབ་ཏུ་བསྒྲིལ། །
15 འཇིགས་པ་རྣམས་ནི་བདག་གི་སྟེང་དུ་བབས། ། ང་ཡི་གཟི་དཔལ་རླུང་ལྟར་ཕར་བདས་ཤིང་། ། བདག་གི་བདེ་བ་སྤྲིན་ལྟར་ཡལ་བར་གྱུར། །
16 ད་ལྟ་ང་ཡི་སེམས་ནི་རབ་ཏུ་སྡུག ། དཀའ་སྡུག་ཉིན་མོས་ང་རང་དམ་པོར་བཟུང་། །
17 མཚན་མོའི་དུས་སུ་རུས་པའི་ནང་དུ་ཟུག ། བདག་ལ་རྨུག་པའི་གཟེར་ལ་མཚམས་འཇོག་མེད། །
18 དཀོན་མཆོག་སྟོབས་ཀྱིས་ངའི་གོས་གཅུ་སྒྲིམ་བརྒྱབ། ། གོས་ཀྱི་གོང་བ་ལྟར་དུ་ང་རང་བསྡམས། །
19 ཁོང་གིས་འདམ་རྫབ་ནང་དུ་བདག་གཡུགས་པས། ། ས་དང་ཐལ་རྡུལ་ལྟར་ཏུ་བདག་གྱུར་བྱུང་། །
20 ཀྱེ་ཀྱེ་དཀོན་མཆོག་བདག་གིས་ཁྱེད་ཉིད་ལ། ། ཞུ་བ་ཕུལ་ཡང་ཁྱེད་ཀྱིས་མ་གསན་ཏེ། ། ཡར་ལ་ལངས་ཀྱང་ཁྱེད་ཀྱིས་གཟིགས་པ་ཙམ། །
21 ཁྱེད་ཉིད་འགྱུར་ནས་བདག་ལ་གདུག་རྩུབ་མཛད། ། ནུས་མཐུ་ཕྱག་གིས་བདག་ལ་འཚེ་བར་བྱེད། །
22 ང་རང་རླུང་དམར་ནང་དུ་འཇིག་པའི་ཕྱིར། ། ཁྱེད་ཀྱིས་བདག་ནི་རླུང་ནང་བཏེགས་ཤིང་ཁྱེར། ། ང་རང་དེ་ཡི་སྟེང་ལ་བཞོན་དུ་བཅུག །
23 ཁྱེད་ཀྱིས་སེམས་ཅན་ཆེད་དུ་མཛད་པའི་གཤིན་ཡུལ་དུ། ། བདག་ཀྱང་འཆི་བར་མཛད་པ་ང་ཡིས་རྟོགས་པར་གྱུར། །
24 ཡིན་ཡང་སུ་ཞིག་འགྱེལ་དུས་ལག་མི་བརྐྱང་། ། གནོད་པར་འཕྲད་དུས་ཞུ་བ་མི་འབུལ་ལམ། །
25 མི་རྣམས་སྡུག་བསྔལ་འཕྲད་དུས་ང་རང་མ་ངུས་སམ། ། སུ་ཞིག་དབུལ་ཕོངས་ཡིན་དུས་ང་རང་མ་གདུང་ངམ། །
26 བདག་གིས་བདེ་བར་སྒུག་དུས་རྐྱེན་ངན་བྱུང་། ། བདག་གིས་འོད་ལ་སྒུག་དུས་སྨག་རུམ་སླེབས། །
27 བདག་གི་སེམས་ནང་སྡུག་ཅིང་ཞི་བདེ་མེད། ། དཀའ་སྡུག་ཉིན་མོ་བདག་གི་སྟེང་དུ་བབས། །
28 བདག་ནི་མུན་པར་མཆིས་ཀྱང་འོད་མེད་དེ། ། ཚོགས་ནང་ལངས་ནས་བདག་གིས་སྐྱབས་འཇུག་ཞུས། །
29 ང་རང་ཁྱི་སྤྱང་དག་གི་སྤུན་དུ་གྱུར། ། རྔ་བྱ་རྣམས་ཀྱི་གྲོགས་སུ་བདག་གྱུར་བྱུང་། །
30 བདག་གི་སྐྱི་མོ་ནག་ཅིང་ལྷུང་པ་སྟེ། ། ཚ་བས་བདག་གི་རུས་པ་རྣམས་ཀྱང་བསྲེགས། །
31 བདག་གི་པི་ཝང་གིས་ནི་མྱ་ངན་སྐད་འདོན་ཞིང་། ། བདག་གི་འཕྲེད་གླིང་སྒྲ་ནི་ངུ་སྐད་དུ་གྱུར་ཏོ། །