ལེའུ་སོ་བཞི་པ།
1 ཨེལ་ལེ་ཧུ་ཡིས་ལན་བཏབ་ནས་སྨྲས་པ།
2 མཁྱེན་དཔྱོད་ལྡན་པ་ཁྱེད་ཚོས་བདག་ལ་གསོན། ། ཤེས་བྱ་ལྡན་པའི་མི་ཡིས་བདག་ལ་གསོན། །
3 རྐན་གྱིས་ཟས་ཀྱི་བྲོ་བ་མྱོང་བ་ལྟར། ། རྣ་བས་གཏམ་གྱི་ཤན་ནི་འབྱེད་པའི་ཕྱིར། །
4 ང་ཚོས་དྲང་བདེན་འདེམས་དགོས་ཤིང་། ། མཉམ་དུ་གང་ལེགས་རྟོགས་དགོས་སོ། །
5 ཨེས་ཡོབ་ཀྱིས་ནི་ང་རང་དྲང་ན་ཡང་། ། དཀོན་མཆོག་ཉིད་ཀྱིས་ང་ཡི་དྲང་བདེན་ཕྲོགས། །
6 ང་ལ་གནས་ལུགས་གང་འདྲ་ལྡན་ན་ཡང་། ། བདག་ནི་རྫུན་གཏམ་སྨྲ་མཁན་དུ་བརྩིས་ཤིང་། ། བདག་ལ་ཉེས་པ་གཏན་ནས་མེད་ན་ཡང་། ། མདའ་ཡིས་རྨས་པ་གསོ་ཐབས་མེད་ཅེས་སྨྲས། །
7 ཆུ་ལྟར་ཟུར་ཟ་འཐུང་བར་བྱེད་པ་ཡི། ། ཨེས་ཡོབ་ལྟ་བུའི་མི་ནི་གཞན་སུ་ཡོད། །
8 ཁོང་ནི་ངན་པ་དང་འགྲོགས་ཤིང་། ། མི་ངན་མཉམ་དུ་འགྲོ་བར་བྱེད། །
9 མི་ཡིས་དཀོན་མཆོག་དགྱེས་པར་བྱེད་ན་ཡང་། ། ཕན་ཐོགས་ཅི་ཡང་མེད་ཅེས་ཁོང་གིས་སྨྲ། །
10 དེའི་ཕྱིར་གོ་རྟོགས་ཅན་རྣམས་བདག་ལ་གསོན། ། དཀོན་མཆོག་ཁོང་གིས་ངན་པ་མཛད་མི་སྲིད། ། ཀུན་དབང་ཉིད་ཀྱིས་ཉེས་པ་བསག་མི་འགྱུར། །
11 མི་ཡི་ལས་བཞིན་ཁོང་གིས་ལན་འཇལ་ཞིང་། ། མི་རེར་རང་གི་ལམ་བཞིན་རྙེད་དུ་འཇུག །
12 དཀོན་མཆོག་ཁོང་གིས་ངན་པ་མཛད་མི་སྲིད། ། ཀུན་དབང་ཁོང་ནི་དྲང་བདེན་ལས་མི་འཛོལ། །
13 སུ་ཡིས་ཁོང་ཉིད་ས་གཞི་སྐྱོང་བར་མངགས། ། འཇིག་རྟེན་ཡོངས་ཀུན་སུ་ཡིས་གཏན་ལ་ཕབ། །
14 ཁོང་གིས་རང་ཉིད་གཅིག་པུ་དགོངས་མཛད་ཅིང་། ། ཐུགས་ཉིད་དང་ནི་དབུགས་ཀྱང་ཕྱིར་བསྡུས་ན། །
15 ཤ་ཁྲག་གདོས་བཅས་ཐམས་ཅད་ལྷན་ཅིག་འཆི། ། མི་ཀུན་ཡང་བསྐྱར་ས་རྡུལ་ནང་དུ་འཐིམ། །
16 ཁྱེད་ལ་གོ་རྟོགས་ཡོད་ན་འདི་ལ་ཉོན། ། ང་ཡི་གཏམ་གྱི་སྒྲ་ལ་རྣ་བ་བློགས། །
17 དྲང་པོར་སྡང་མཁན་གྱིས་ནི་རྒྱལ་སྲིད་སྐྱོང་ནུས་སམ། ། དྲང་བདེན་མཐུ་སྟོབས་ཅན་ལ་ཁྱེད་ཀྱིས་སྐྱོན་འཛུགས་སམ། །
18 ཁོང་གིས་རྒྱལ་པོར་ཁྱོད་ནི་ཕན་མེད་ཡིན་ཞེས་དང་། ། སྐུ་དྲག་རྣམས་ལ་ཁྱོད་ནི་ངན་པ་ཡིན་ཞེས་གསུང་། །
19 ཁོང་གིས་རྒྱལ་སྲས་རྣམས་ཀྱི་ཁ་ངོར་མི་གཟིགས་ཤིང་། ། དབུལ་པོ་རྣམས་ལས་ཕྱུག་པོར་མཐོང་ཆེན་ཡང་མི་བྱ། ། རྒྱུ་མཚན་དེ་ཀུན་ཁོང་གི་ཕྱག་གིས་བཀོད་པས་སོ། །
20 སྐད་ཅིག་ཉིད་ལ་དེ་རྣམས་འཆི་གྱུར་ཏེ། ། འབངས་མི་ནམ་གུང་གཡོ་འགུལ་ལས་འཆི་ཞིང་། ། སྟོབས་ཅན་རྣམས་ཀྱང་འཁྱེར་བར་མཛད་པ་དང་། ། དེ་ནི་མི་ཡིས་བཟོས་པ་མ་ཡིན་ནོ། །
21 མི་ཡི་ལམ་རྣམས་དཀོན་མཆོག་སྤྱན་དྲུང་ཡོད། ། གོམ་སྟབས་རེ་རེ་ཁོང་གིས་གཟིགས་པ་ཡིན། །
22 སྡིག་སྤྱོད་མི་རྣམས་ཡིབ་ནས་སྡོད་ཐུབ་པའི། ། མུན་པ་དང་ནི་སྨག་རུམ་གང་ཡང་མེད། །
23 ཉེས་ཆད་ཕོག་ཏུ་དཀོན་མཆོག་དྲུང་འོང་བར། ། ཁོང་གིས་ཡང་ཡང་མི་ལ་བརྟག་མི་དགོས། །
24 ཁོང་གིས་མ་བརྟག་ནུས་ལྡན་བརླག་ནུས་ཤིང་། ། དེ་དག་ཚབ་ཏུ་གཞན་རྣམས་སློང་བར་མཛད། །
25 ཁོང་གིས་དེ་ཚོའི་ཅི་བྱས་ལས་རྣམས་མཁྱེན། ། མཚན་མོར་དེ་རྣམས་འགྱེལ་ནས་མེད་པར་མཛད།
26 ཁོང་གིས་ངན་པར་ཉེས་ཆད་བཅད་པ་ལྟར། ། གཞན་གྱི་མིག་མདུན་དེ་ཚོར་རྡུང་རྡེག་བཏང་། །
27 ཁོ་རྣམས་གྱེས་ནས་ཁོང་གི་རྗེས་མ་འབྲང་། ། ཁོང་གི་གཤེགས་ལམ་ཀུན་ལ་མ་བལྟས་རྐྱེན། །
28 དབུལ་པོའི་ངུ་སྐད་ཁོང་དྲུང་སླེབས་སུ་བཅུག ། སྡུག་བསྔལ་གདུངས་པའི་འོ་དོད་ཁོང་གིས་གསན། །
29 ཇི་སྟེ་ཁོང་ཉིད་ཞལ་རོག་བཞུགས་གྱུར་ན། ། སུ་ཡིས་ཁོང་ལ་ཉེས་པ་འགེལ་ནུས་སམ། ། ཡང་ན་ཁོང་གིས་ཞལ་རས་སྦེད་དུས་སུ། ། སུ་ཡིས་ཁོང་ཉིད་མཇལ་བར་འགྱུར་ནུས་སམ། ། མི་དང་རྒྱལ་ཁབ་གང་ཡིན་ཁྱད་པར་མེད། །
30 འབངས་རྣམས་འཆིང་རྒྱ་ནང་དུ་མི་ཚུད་ཆེད། ། དད་མེད་མི་ལ་རྒྱལ་སྲིད་སྐྱོང་མ་འཇུག །
31 བདག་ལ་བཀའ་བཀྱོན་ཕོག་པས་ན། ། དེང་ཕྱིན་ཉེས་པའི་དོན་མི་བྱ། །
32 བདག་གིས་མཐོང་བར་མ་གྱུར་པ། ། ཁྱེད་ཀྱིས་ང་ལ་སྟོན་པར་མཛོད། ། བདག་གིས་སྡིག་ཉེས་བསགས་ཡོད་ན། ། ཕྱིས་སུ་དེ་བཞིན་མི་བྱ་ཞེས། ། སུ་ཡིས་ཁོང་ལ་ཞུ་ནུས་སམ། །
33 ཁྱེད་ཀྱིས་འགྱོད་བཤགས་མི་བྱེད་རྐྱེན། ། ཁོང་གིས་ཁྱེད་ཀྱི་འདོད་པ་བཞིན། ། ཁྱེད་ལ་ཉེས་སྐྱོན་འཛུགས་དགོས་སམ། ། ང་མིན་ཁྱེད་ཀྱིས་ཐག་གཅོད་དགོས། ། ཁྱེད་ཀྱིས་གང་ཤེས་དེ་སྨྲོས་ཤིག །
34 གནས་ལུགས་རྟོགས་པའི་མི་ཡིས་བདག་ལ་བརྗོད། ། ཤེས་རབ་ལྡན་པས་འདི་ལྟར་སྨྲ་བར་འགྱུར། །
35 ཨེས་ཡོབ་ཁོང་གིས་ཤེས་བྱ་མེད་བཞིན་གླེང་། ། ཁོང་གི་གཏམ་རྣམས་ཤེས་རབ་དང་བྲལ་ཏོ། །
36 ཁོང་གིས་མི་ངན་བཞིན་དུ་ལན་འདེབས་པས། ། མཐར་ཐུག་བར་དུ་ཚོད་བགམ་གནང་བར་ཤོག །
37 དེ་ཡིས་རང་གི་སྡིག་པར་ངོ་ལོག་སྣོན། ། ང་ཚོའི་དཀྱིལ་དུ་ཐལ་མོ་བརྡབས་ནས་ནི། ། དཀོན་མཆོག་རྒོལ་བའི་གཏམ་གླེང་མང་དུ་སྤེལ། །