ལེའུ་སོ་ལྔ་པ།
1 ཨེལ་ལེ་ཧུ་ཡིས་མུ་མཐུད་དུ་སྨྲས་པ།
2 ཁྱེད་ཀྱིས་གཏམ་འདིར་གནས་ལུགས་ཡོད་བསམས་ཏེ། ། དཀོན་མཆོག་དྲུང་དུ་བདག་ནི་དྲང་ཟེར་ཞིང་། །
3 དེ་ནས་ཁྱེད་ཀྱིས་འདི་ལྟར་སྨྲས། ། འདི་ནི་ཁྱོད་ལ་ཕན་ཅི་ཡོད། ། ང་ཡིས་སྡིག་པ་མ་བཟོས་ན། ། ང་ལ་ཕན་ཐོགས་ཅི་ཡོད་ཟེར། །
4 ཁྱེད་དང་ཁྱེད་མཉམ་ཡོད་པའི་གྲོགས་རྣམས་ལ། ། བདག་གིས་འདི་ལྟར་ལན་ཞིག་འདེབས་པར་བྱ། །
5 ཁྱེད་ཀྱིས་མགོ་ཡར་བཀྱགས་ནས་ནམ་མཁར་ལྟོས། ། ཁྱེད་ལས་མཐོ་བའི་ཆུ་འཛིན་ལ་ལྟོས་ཤིག །
6 ཁྱེད་ཀྱིས་སྡིག་པ་བསགས་གྱུར་ན། ། དཀོན་མཆོག་ཁོང་ལ་ཅི་ཞིག་གནོད། ། ཁྱེད་ཀྱི་ཉེས་སྐྱོན་འཕེལ་ན་ཡང་། ། དཀོན་མཆོག་ཁོང་གིས་གྱོང་མི་རག །
7 ཁྱེད་རང་དྲང་ན་དཀོན་མཆོག་ལ་ཅི་སྦྱིན། ། ཁྱེད་ཀྱི་ལག་ནས་ཁོང་ལ་ཅི་འཐོབ་བམ། །
8 ཁྱེད་ཀྱི་ངན་པས་ཁྱེད་འདྲའི་མི་ལ་གནོད། ། ཁྱེད་ཀྱི་དྲང་པོས་མི་བུ་ཁོ་ནར་ཕན། །
9 བརྙས་བཅོས་ཐེབས་པས་མི་ཡིས་སྐད་རྒྱག་ཅིང་། ། དབང་ཅན་གཉའ་གནོན་རྐྱེན་གྱིས་འོ་དོད་ཞུ། །
10 མཚན་མོར་གླུ་དབྱངས་གནང་ཞིང་བདག་བསྐྲུན་པའི། ། དཀོན་མཆོག་གང་དུ་བཞུགས་ཞེས་སུ་ཡིས་འདྲི། །
11 ཁོང་གིས་ས་ཡི་དུད་འགྲོ་ལས། ། ང་ཚོར་བཀའ་སློབ་གནང་བ་དང་། ། ནམ་མཁའི་བྱ་ལས་རང་ཅག་རྣམས། ། མཁས་པར་མཛད་ཅེས་སྨྲ་མཁན་མེད། །
12 མི་ངན་ང་རྒྱལ་ཆེ་བའི་རྐྱེན་དབང་གིས། ། དེ་ཚོས་འོ་དོད་བོས་ཀྱང་ལན་མི་གནང་།
13 སྙིང་པོ་མེད་པའི་ཞུ་འབོད་ལ། ། དཀོན་མཆོག་ཁོང་གིས་མི་གསན་ཞིང་། ། ཀུན་དབང་ཉིད་ཀྱིས་དེར་མི་གཟིགས། །
14 ཁོང་ཉིད་མི་མཇལ་ཟེར་བས་ལྟ་ཅི་སྨོས། ། གྱོད་གཞི་ཁོང་དྲུང་ཡོད་པས་ཁོང་ལ་སྒུགས། །
15 ཁོང་ཉིད་ཁྲོས་ཀྱང་བཀའ་ཆད་མི་གཅོད་ཅིང་། ། ང་རྒྱལ་ལ་ཡང་དེ་འདྲ་མི་གཟིགས་པས། །
16 ཨེས་ཡོབ་ཁོང་གིས་དོན་མེད་གཏམ་གླེང་ཞིང་། ། ཤེས་རབ་མེད་པའི་གཏམ་ནི་མང་ཙམ་ལབ། །