ལེའུ་སོ་དྲུག་པ།
1 ཨེལ་ལེ་ཧུ་ཡིས་ཡང་མུ་མཐུད་དུ་སྨྲས་པ།
2 དཀོན་མཆོག་དོན་དུ་བདག་ལ་གཏམ་ཡོད་པས། ། ཅུང་ཙམ་བཞུགས་དང་བདག་གིས་ཁྱེད་ལ་སྟོན། །
3 བདག་གིས་རྒྱང་ནས་བློ་གྲོས་འདྲེན་འགྱུར་ཞིང་། ། རང་ཉིད་སྐྲུན་མཁན་དཀོན་མཆོག་ཁོང་ཉིད་ཀྱི། ། དྲང་བདེན་དེ་ནི་ཆེ་བར་བརྗོད་པར་བྱ། །
4 ང་ཡི་གཏམ་ནི་དངོས་གནས་རྫུན་མིན་ཏེ། ། ཤེས་རབ་གཏམས་པ་ཁོང་ཉིད་ཁྱེད་མཉམ་བཞུགས། །
5 ལྟོས་དང་དཀོན་མཆོག་ནུས་མཐུ་ཆེན་པོ་ཡིན། ། མི་ལ་མཐོང་ཆུང་ཡང་ནི་མི་མཛད་ཅིང་། ། ཁོང་གི་མཁྱེན་རབ་ཤིན་ཏུ་རྒྱ་ཆེ་འོ། །
6 ཁོང་གིས་སྡིག་སྤྱོད་མི་ཡི་སྲོག་མི་སྐྱོབ། ། འོན་ཀྱང་སྡུག་བསྔལ་ཅན་ལ་དག་འབུད་མཛད། །
7 ཁོང་གིས་དྲང་བདེན་ཅན་ལ་གཟིགས་སྐྱོང་གནང་། ། དེ་དག་རྒྱལ་པོ་མཉམ་དུ་རྒྱལ་ཁྲིའི་སྟེང་། ། ཇི་སྲིད་བར་དུ་མཐོ་སར་བཀོད་པ་ཡིན། །
8 ཇི་སྟེ་ཁོ་ཚོར་ལྕགས་སྒྲོག་བརྒྱབ་ནས་ནི། ། སྡུག་གི་ཐག་པས་དེ་རྣམས་བཅིངས་གྱུར་ན། །
9 ཁོང་གིས་དེ་ཚོའི་ལས་དང་ཉེས་སྐྱོན་དང་། ། ང་རྒྱལ་རང་རློམ་ཆེ་བ་ཁོ་ཚོར་སྟོན། །
10 བཀའ་སློབ་ཉན་ཕྱིར་ཁོང་གིས་དེ་ཚོའི་རྣ་འབྱེད་ཅིང་། ། སྤྱོད་ངན་སྤངས་ནས་ཁ་ཕྱིར་འཁོར་བའི་བཀའ་བསྩལ་ཏོ། །
11 གལ་ཏེ་ཁོ་ཚོས་མཉན་ནས་བཀའ་བསྲུངས་ན། ། དེ་ཚོའི་ཉི་མ་ལོངས་སྤྱོད་ནང་དུ་དང་། ལོ་རྣམས་བདེ་སྐྱིད་ནང་ནས་རྫོགས་པར་འགྱུར། །
12 འོན་ཀྱང་དེ་ཚོས་བཀའ་ལ་མ་མཉན་ན། ། རལ་གྲིས་གསོད་ཅིང་ཤེས་རབ་མེད་པར་འཆི། །
13 དད་གུས་མེད་པ་རྣམས་ཀྱིས་ཁོང་ཁྲོ་བསག ། དཀོན་མཆོག་ཁོ་རྣམས་བཅིངས་རུང་སྐྱབས་མི་ཞུ། །
14 མཆོད་གཤོམ་གཞང་འཚོང་ནང་བཞིན་དུ། ། དེ་དག་གཞོན་པའི་དུས་སུ་འཆི། །
15 སྡུག་བསྔལ་བརྒྱུད་ནས་ཁོང་གིས་དབུལ་ཕོངས་སྐྱོབ། ། བརྙས་བཅོས་ཐེབས་དུས་དེ་ཚོའི་རྣ་བ་འབྱེད། །
16 དེ་བཞིན་ཁྱེད་ཀྱང་དཀའ་སྡུག་ལས་སྒྲོལ་ཞིང་། ། ཚད་བཀག་མེད་པའི་ཡངས་སར་འདྲེན་འགྱུར་ཏེ། ། ཁྱེད་ཀྱི་ཅོག་ཙེར་ཞིམ་མངར་ཟས་རྣམས་བཤམས། །
17 འོན་ཀྱང་སྡིག་སྤྱོད་ཁྲིམས་ཀྱིས་ཁྱེད་ཁེངས་པས། ། གཤགས་དང་ཁྲིམས་ཀྱིས་ཁྱེད་རང་དམ་པོར་བཟུང་། །
18 ཁྱེད་ཉིད་ཞེ་སྡང་ཆེན་པོ་ལངས་གྱུར་ཏེ། ། ཁ་ནས་འཕྱ་སྨོད་བྱེད་པར་མ་མཛོད་ཅིག ། བླུ་རིན་ཆེ་བས་ལོག་ལམ་བསྐྱོད་མི་རུང་། །
19 ཁྱེད་ཀྱི་ཞུ་འབོད་དང་ནི་སྟོབས་ཀུན་གྱིས། ། ཁྱེད་ལ་དཀའ་སྡུག་མེད་པར་བཟོ་ནུས་སམ། །
20 མི་རྣམས་རང་སར་རྩ་མེད་གཏོང་དུས་ཏེ། ། ཁྱེད་ཀྱིས་མཚན་མོར་ཡིད་སྨོན་མ་བྱེད་ཅིག །
21 སྡིག་པའི་ཕྱོགས་སུ་མི་འགྲོ་ཆེད། ། ཁྱེད་ཀྱིས་དོགས་ཟོན་བྱེད་དགོས་ཏེ། ། ཁྱེད་ཀྱིས་སྡིག་པའི་ལས་བདམས་པ། ། དཀའ་སྡུག་ལས་ཀྱང་མང་བས་སོ། །
22 ལྟོས་དང་དཀོན་མཆོག་ནུས་མཐུ་ཆེ་བས་མཆོག ། སུ་ཡིས་ཁོང་ལྟར་བཀའ་སློབ་མཛད་ནུས་སམ། །
23 སུ་ཡིས་ཁོང་གི་ལམ་མངགས་ཤིང་། ། ཁྱེད་ཀྱིས་ཆོས་དྲང་མ་སྤྱད་ཅེས། ། སུ་ཡིས་དེ་ལྟར་བརྗོད་ནུས་སམ། །
24 མི་ཡིས་ཁོང་ལ་བསྟོད་དབྱངས་ཕུལ་བ་བཞིན། ། ཁོང་གི་མཛད་པར་བསྟོད་པ་ཡིད་ལ་ཟུངས། །
25 ཁོང་གི་མཛད་པ་མི་བུ་ཀུན་གྱིས་མཐོང་། ། མི་ཡིས་རྒྱང་རིང་ཡུལ་ནས་ཧུར་རེར་ལྟ། །
26 ལྟོས་དང་དཀོན་མཆོག་ཆེ་བ་རྟོགས་མི་ནུས། ། ཁོང་གི་དགུང་ལོ་ཚོད་དཔག་བྱེད་ཐབས་བྲལ། །
27 ཆུ་ཐིགས་རྣམས་ནི་ཁོང་གིས་འདྲེན་མཛད་པས། ། དེ་ནི་སྤྲིན་སྨུག་ཁྲོད་དུ་ཆར་བར་གྱུར།།
28 སྤྲིན་པས་དེ་རྣམས་ས་ལ་བབས་བཅུག་སྟེ། ། མི་ཡི་སྟེང་དུ་མོད་པོ་འབབ་པར་བྱེད། །
29 སྤྲིན་པ་ཅི་ལྟར་རྐྱོང་བ་དང་། ། དཀོན་མཆོག་ཁོང་གི་གཟིམ་ཁང་གི ། འབྲུག་སྒྲ་སུ་ཡིས་རྟོགས་ནུས་སམ། །
30 ཁོང་གིས་ཉིད་ཀྱི་མཐའ་རུ་འོད་སྣང་ཞིང་། ། རྒྱ་མཚོའི་གཏིང་རྣམས་ཁོང་གིས་གཡོགས་པར་མཛད། །
31 ཁོང་གིས་འདི་ལྟར་མི་ལ་ཉེས་ཆད་གཅོད། ། ཁོང་གིས་འབྲུ་རིགས་མང་པོ་གནང་བར་མཛད། །
32 ཁོང་གི་ཕྱག་ཟུང་གློག་དམར་ནང་སྦས་ཏེ། ། འབེན་དུ་ཕོག་པར་དེ་ལ་བཀའ་གནང་མཛད། །
33 ཁོང་གི་འབྲུག་སྒྲས་ཉིད་ཀྱི་མཛད་པ་མངོན། ། དུད་འགྲོར་རླུང་དམར་ལྡང་བ་གསལ་པོར་བསྟན། །