ལེའུ་སོ་བདུན་པ།
1 དེའི་ཕྱིར་བདག་གི་སྙིང་འདར་ཞིང་། ། རང་གི་གནས་ནས་གཞན་སར་མཆོངས། །
2 ཁོང་གི་གསུང་སྐད་ང་རོར་གསོན་ཞིག་དང་། ། དེ་ནི་དཀོན་མཆོག་ཞལ་ལས་ཐོན་པའི་སྐད། །
3 ཁོང་གི་གསུང་སྐད་ས་གཞི་ཡོངས་ལ་ཁྱབ། ། ས་མཐའི་བར་དུ་ཁོང་གི་གློག་དམར་འཁྱུགས། །
4 དེའི་རྗེས་མི་ཡིས་ཁོང་གི་འུར་སྒྲ་ཐོས། ། ཁོང་གིས་བརྗིད་ཉམས་ཆེ་བའི་ལྡིར་སྒྲ་སྒྲོག ། གསུང་སྐད་སྒྲོག་དུས་ཕྱིར་འཐེན་མ་བྱས་སོ། །
5 དཀོན་མཆོག་ཁོང་ལས་ངོ་མཚར་ལྡིར་སྒྲ་འབྱུང་། ། ང་ཚོས་རྟོགས་པར་དཀའ་བའི་དོན་ཆེན་མཛད། །
6 ཁོང་གིས་ཁ་བར་ས་ལ་བོབས་ཤིག་གསུངས། ། དྲག་ཆར་ལ་ཡང་དེ་ལྟར་བཀའ་བབས་སོ། །
7 བཀོད་པའི་མི་ཡིས་ཁོང་གི་འཕྲིན་ལས་རྟོགས་ཆེད་དུ། ། ཁོང་གིས་མི་ཡི་ལག་པར་ཕྱག་རྒྱ་འདེབས་པར་མཛད། །
8 གཅན་གཟན་རང་གི་ཁུང་ནང་འཛུལ། ། དེ་ཡི་ཚང་ནང་སྡོད་པར་བྱེད། །
9 རླུང་འཚུབ་དེ་ཡི་ཕོ་བྲང་ལས་ནི་འབྱུང་། ། རླུང་དམར་ལས་ནི་གྲང་ངར་ལྡང་བ་ཡིན། །
10 ཁོང་གིས་དབུགས་རིང་ཕྱུང་ནས་དར་ཆགས་ཏེ། ། ཡངས་པའི་ཆུ་བོ་དག་ནི་འཁེང་བར་མཛད། །
11 སྤྲིན་ནག་སྟུག་པོར་བརླན་གཤེར་ཁེངས་པར་མཛད། ། སྤྲིན་པའི་གསེབ་ནས་གློག་དམར་རྒྱང་རིང་གཏོར། །
12 སྤྲིན་ནག་ཁོང་གི་མཛུབ་སྟོན་འོག་ཏུ་གང་སར་འཁྲིགས། ། འཛམ་གླིང་ས་གཞིའི་སྟེང་དུ་ཁོང་གི་བཀའ་ལྟར་བྱེད། །
13 དེ་ནི་ཉེས་ཆད་མཛད་པ་དང་། ། ཡང་ན་ས་གཞིར་གསོ་བ་དང་། ། ཡང་ན་བྱམས་བརྩེས་སྐྱོང་བ་བཅས། ། ཐམས་ཅད་ཁོང་གི་མཛད་པ་ལགས། །
14 ཀྱེ་ཀྱེ་ཨེས་ཡོབ་ཁྱེད་ཀྱིས་འདི་ལ་གསོན། ། ལངས་ནས་དཀོན་མཆོག་ངོ་མཚར་འཕྲིན་ལས་དྲོན། །
15 ཁོང་གིས་འདི་ཚོར་ཅི་ལྟར་བཀའ་བབས་ཤིང་། ། སྤྲིན་ནང་གློག་དམར་འཁྱུགས་མཛད་ཁྱེད་ཤེས་སམ། །
16 སྤྲིན་པ་མཁའ་རུ་ཅི་ལྟར་རྒྱུ་བ་དང་། ། མཁྱེན་རབ་ཡོངས་སུ་རྫོགས་པ་ཁོང་ཉིད་ཀྱི། ། ངོ་མཚར་འཕྲིན་ལས་དེ་དག་རྟོགས་ནུས་སམ། །
17 ལྷོ་རླུང་རྐྱེན་གྱིས་ས་གཞི་ལྷིང་འཇགས་སུ་ལུས་དུས། ། ཁྱེད་ཀྱི་གོས་རྣམས་དྲོན་པོར་འགྱུར་བ་ཤེས་ལགས་སམ། །
18 བླུགས་མའི་མེ་ལོང་བཞིན་དུ་བརྟན་པའི་གནམ། ། ཁྱེད་ཀྱིས་ཁོང་མཉམ་རྐྱོང་བར་བྱེད་ཐུབ་བམ། །
19 ངེད་རྣམས་གླེན་ཞིང་རྨོངས་པས་སྨྲ་བརྗོད་བྱེད་མི་ཤེས། ། དེའི་ཕྱིར་ཁོང་ལ་ཅི་ཞུ་ཁྱེད་ཀྱིས་སྟོན་པར་མཛོད། །
20 སུ་ཡིས་ཁོང་ལ་ང་ཡིས་སྨྲ་འདོད་ཅེས་ཞུ་རུང་། ། སུ་ཡིས་རང་ཉིད་མེད་པར་འགྱུར་འདོད་ཅེས་བརྗོད་དམ། །
21 ད་ལྟ་སྤྲིན་པའི་གསེང་གི་ཉི་འོད་མཐོང་མི་ཕོད། ། རླུང་གི་རྒྱུན་ལ་བརྟེན་ནས་གནམ་ངོ་དྭངས་པར་འགྱུར། །
22 གསེར་གྱི་མདངས་ནི་བྱང་ཕྱོགས་ཡུལ་ནས་འབྱུང་། ། དཀོན་མཆོག་དྲུང་དུ་འཇིགས་རུང་གཟི་བྱིན་ཡོད། །
23 ངེད་ཀྱིས་ཀུན་དབང་ཁོང་ལ་བརྟག་མི་ནུས། ། ཁོང་ནི་མཐུ་སྟོབས་ཆེ་ཞིང་དྲང་བདེན་ཅན། ། ཐུགས་ནི་དྲང་ཞིང་མི་རྣམས་སྡུག་མི་མཛད། །
24 དེའི་ཕྱིར་ཁོང་ལ་གུས་ཤིང་འཇིགས་འོས་ཏེ། ། རང་ཉིད་མཁས་པར་འཛིན་པའི་མི་ལ་ནི། ། ཁོང་གིས་གཏན་ནས་གཟིགས་པར་མི་འགྱུར་རོ། །