ལེའུ་ལྔ༌པ།
ཕྱུག་པོ་མནར་གཅོད་གཏོང་མཁན་རྣམས་ལ་ཉེན་བརྡ་གཏོང༌བ།
1 ཀྱེ། ཁྱོད་ཅག་ཕྱུག་པོ་རྣམས་ཀྱིས་ཉོན༌ཅིག ཁྱོད་ཅག་ལ་སྡུག་བསྔལ་འབྱུང་ངེས་པའི༌ཕྱིར། ཁྱོད་རྣམས་ངུས་ཤིང་ངུ་འབོད་བྱེད་པར༌གྱིས།
2 ཁྱོད་ཅག་གི་རྒྱུ་ནོར་ཟད་ཅིང་གྱོན་གོས་འབུ་ཡིས་ཟོས་སོ།།
3 ཁྱོད་ཅག་གི་གསེར་དངུལ་བཙའ་ཡིས་ཟོས༌ཤིང༌། བཙའ་ཡིས་ཁྱོད་ཅག་གི་ཉེས་སྐྱོན་ལ་དཔང་པོ་བྱེད་པ༌དང༌། མེ་ཡིས་བསྲེགས་པ་བཞིན་ཁྱོད་ཅག་གི་ལུས་པོ་ནི་བཟའ་བར་འགྱུར། ཁྱོད་ཅག་གིས་མཐའ་མའི་ཉིན་མོ་དག་ལ་ཡང་ནོར་རྫས་བསགས་པ་ཡིན་ནོ།།
4 ལྟོས༌དང༌། གླ་བ་རྣམས་ཀྱིས་ཁྱོད་ཅག་ལ་ཞིང་བྲེགས་ནའང་གླ་ཆ༌ཆད་པས། གླ་ཆ་ཡིས་འབོད་སྐད་སྒྲོག༌ཅིང༌། ཞིང་འབྲེག་མཁན་རྣམས་ཀྱི་ངུ་འབོད་ནི་སྔར་ནས་དཔུང་ཚོགས་ཀུན་གྱི་གཙོ་བོའི་སྙན་ལམ་དུ་སླེབས་པ་ཡིན།
5 ཁྱོད་རྣམས་ཀྱིས་འཇིག་རྟེན་དུ་འདོད་ཡོན་ལོངས་སུ་སྤྱད་དེ་བདེ་བའི་འཚོ་བ་རོལ་བའོ།། འོན༌ཀྱང༌། ཁྱོད་རྣམས་ཀྱིས་ཉེས་ཆད་གཅོད་པའི་ཉིན་མོའི་ཆེད༌དུ། རང་གིས་རང་ཉིད་ངན་ལང་དུ་གཏོང༌བ་ཡིན།
6 ཁྱོད་ཅག་གིས་མི་གཞུང་དྲང་ལ་ཉེས་པ་བཙུགས་ནས་བསད་ཀྱང་དེས་ཁྱོད་རྣམས་ལ་ངོ་རྒོལ་མ་བྱས་སོ།།
སྡུག་བསྔལ་ཁྲོད་བཟོད་བསྲན་བྱེད་དགོས་པར་བསྐུལ༌བ།
7 སྤུན་ཟླ༌རྣམས། དེ་ལྟར་ཡིན་པས། ཁྱོད་ཅག་གིས་གཙོ་བོ་ཕེབས་ཡོང་བའི་བར་དུ་བཟོད་བསྲན་བྱེད་པར་གྱིས། ཞིང་པས་ཇི་ལྟར་ས་ཞིང་ནས་རྨད་དུ་བྱུང་བའི་འབྲས་བུ་འཐོབ་པའི་ཆེད༌དུ། སྟོན་ཆར་དཔྱིད་ཆར་འབབ་པར་བཟོད་བསྲན་གྱིས་སྒུག་པར་ལྟོས༌དང༌།
8 གཙོ་བོ་ཕེབས་ཡོང་བའི་དུས་དེ་ཉེ་བར་སླེབས༌པས། ཁྱོད་རྣམས་ཀྱིས་ཀྱང་ངང་རྒྱུད་རིང་ཞིང་ཡིད་སེམས་བརྟན་པོས་སྒུག་པར་བྱའོ།།
9 སྤུན་ཟླ༌རྣམས། ཁྱོད་ཅག་ལ་ཉེས་ཆད་མི་འཕོག་པའི༌ཕྱིར། ཁྱོད་རྣམས་ཀྱིས་ཕན་ཚུན་ལ་འཁང་ར་མ་བྱེད༌ཅིག ལྟོས༌དང༌། ཁྲིམས་དཔོན་ཆེན་པོ་དེ་ཉིད་སྒོ་མདུན་དུ་བཞེངས་འདུག་པའོ།།
10 སྤུན་ཟླ༌རྣམས། སྔོན་ཆད་གཙོ་བོའི་མཚན་གྱི་སྒོ་ནས་བཀའ་གསུངས་པའི་ལུང་སྟོན་པ་རྣམས་ཀྱིས་སྡུག་བསྔལ་མྱོང་ཐུབ་པ་དང་བཟོད་བསྲན་བྱ་ནུས་པ་དེ་ཁྱོད་ཅག་གིས་མིག་དཔེ་རུ་འཛིན་པར་གྱིས།
11 བདག་ཅག་གིས་སྔོན་ཆད་བཟོད་བསྲན་བྱས་མྱོང་བ་དག་ནི་མི་བྱིན་རླབས་ཅན་དུ་བརྩིས༌པ་དང་། ཁྱོད་རྣམས་ཀྱིས་ཨེས་ཡོབ་ཀྱི་སྙིང་རུས་ནི་ཅི་ལྟ་བུ་ཞིག་ཡིན་པ་ཐོས་མྱོང༌ཞིང༌། གཙོ་བོས་ཁོ་རང་ལ་མཐའ་འབྲས་ཅི་གནང་བའང་ཤེས༌ཏེ། གཙོ་བོ་ནི་བྱམས་སྙིང་རྗེ་དང་ཐུགས་རྗེ་ཆེན་པོ་ཅན་ཡིན་པ་རྟོགས༌སོ།།
12 བདག་གི་སྤུན་ཟླ༌རྣམས། ཆེས་གལ་ཆེ་བ་ནི་མནའ་བསྐྱལ་མི་རུང་བ་དེ་ཡིན་ནོ།། ནམ་མཁའི་ཞིང་ཁམས་དཔང་དུ་བཙུགས་ནས་མནའ་བསྐྱལ་མི་རུང༌ལ། ས་གཞི་དཔང་དུ་བཙུགས་ནས་ཀྱང་མནའ་བསྐྱལ་མི་རུང་། ཅིས་ཀྱང་མནའ་བསྐྱལ་མི་རུང༌། ཁྱོད་ཅག་ཉེས་ཆད་འོག་ཏུ་མི་ལྷུང་བའི༌ཕྱིར། ཁྱོད་རྣམས་ཀྱིས་ཕན་ཚུན་ལ་གཏམ་སྨྲ་བའི་ཚེ། ཡིན་ན་ཡིན་དང༌། མིན་ན་མིན་ཞེས་སྨྲ་བར་བྱའོ།།
དད་པའི་སྨོན༌ལམ།
13 ཁྱོད་རྣམས་ལས་སུ་ཞིག་གིས་སྡུག་བསྔལ་མྱོང་བ་ཡིན༌ན་དཀོན་མཆོག་ལ་གསོལ་བ་འདེབས་འོས་སོ།། སུ་ཞིག་ལ་དགའ་སྤྲོ་ཡོད༌ན་དཀོན་མཆོག་ལ་བསྟོད་དབྱངས་འབུལ་དགོས་སོ།།
14 ཁྱོད་རྣམས་ལས་སུ་ཞིག་ལ་ན་ཚ་བྱུང༌ན། ཆོས་ཚོགས་ཀྱི་རྒན་པོ་རྣམས་བོས༌ཏེ། ཁོང་རྣམས་ཀྱིས་གཙོ་བོའི་མཚན་གྱི་སྒོ་ནས་ནད་པ་དེ་ལ་སྣུམ་གྱིས་བྱུགས་ནས་གསོལ་བ་འདེབས་དགོས་ལ།
15 རྒན་པོ་རྣམས་ཀྱིས་དད་པའི་སྒོ་ནས་གསོལ་བ་བཏབ་སྟེ་ནད་པ་གསོ་བར་བྱེད༌ཅིང༌། གཙོ་བོས་ནད་པ་དེ་ཡར་བསླང་བར་མ༌ཟད། ནད་པ་དེས་སྡིག་པ་བྱས་ཡོད་ན་སྡིག་པའང་བསལ་ངེས༌སོ།།
16 དེ་བས་ཁྱོད་ཅག་གིས་རང་རང་གི་སྡིག་ཉེས་ཕན་ཚུན་ལ་ཁས་ལེན་ཞིང༌། ཕན་ཚུན་གྱི་ཆེད་དུ་དཀོན་མཆོག་ལ་གསོལ་བ་བཏབ་ན་ཁྱོད་རྣམས་སོས་པར༌འགྱུར། མི་གཞུང་དྲང་གི་སྨོན་ལམ་ལ་ཕན་ནུས་ཆེན་པོ་ལྡན༌ནོ།།
17 ཨེ་ལི་ཡཱ་ནི་བདག་ཅག་དང་རང་གཤིས་གཅིག་མཚུངས་ཡིན༌ལ། ཁོང་གིས་ཆར་བ་མི་འབབ་པའི་ཕྱིར། བློ་སེམས་རྩེ་གཅིག་གིས་གསོལ་བ་བཏབ་པ༌ན། ལོ་གསུམ་དང་ཕྱེད་ཀའི་རིང་ས་ལ་ཆར་བ་མ་བབས་སོ།།
18 ཡང་ཁོང་གིས་གསོལ་བ་བཏབ་པ༌ན། གནམ་ནས་ཆར་བ་བབས་ཤིང་ས་ནས་ལོ་ཏོག་སྐྱེས༌སོ།།
19 བདག་གི་སྤུན་ཟླ༌རྣམས། ཁྱོད་རྣམས་ལས་མི་ཞིག་བདེན་པ་ཉིད་དང་ཁ་བྲལ་བ༌དང༌། གཞན་ཞིག་གིས་མི་དེ་ཕྱིར་ཁྲིད་ཡོང་བ་ཡིན༌ན།
20 ཕྱིར་ཁྲིད་མཁན་གྱི་མི་དེས་མི་སྡིག་ཅན་ཞིག་ལོག་ལམ་ནས་ཕྱིར་ཁྲིད་ཡོང་བ༌དང༌། མི་དེ་འཆི་བ་ལས་བསྐྱབས་པར་མ༌ཟད། མི་དེའི་སྡིག་པ་མང་པོའང་བསལ་བའི་རྒྱུ་རུ་འགྱུར་བར་ཤེས་འོས་སོ།། །།