༄༅། །པེ་ཏྲོའི་འཕྲིན་ཡིག་དང་པོ།
པེ་ཏྲོའི་འཕྲིན་ཡིག་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྐབས་དེར་འཕྲིན་ཡིག་འབྱོར་བའི་མི་རྣམས་ཀྱིས་དཀའ་སྡུག་དང་མནར་གཅོད་འདྲ་མིན་མྱངས་ཤིང་། སྔོན་ཆད་ལས་ཀྱང་བཟོད་དཀའ་བའི་སྡུག་བསྔལ་ཇེ་དྲག་ཏུ་འབྱུང་སྲིད་པའི་ཉེན་ཁར་ཐུག་ཡོད་པ་རེད། འཕྲིན་ཡིག་འདི་ནི་རོ་མཱའི་ཡུལ་ཕྱོགས་ཀུན་ཏུ་ཐོར་བའི་ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་རྣམས་ལ་བྲིས་པ་ཞིག་ཡིན་ལ། འཕྲིན་ཡིག་འདི་འབྱོར་ཡུལ་རྣམས་ལ་བྱེས་སུ་སྡོད་པ་ཞེས་ཀྱང་འབོད།
ཡི་གེར་འགོད་མཁན་དང་འགོད་དུས།
འཕྲིན་ཡིག་འདི་ཡི་གེར་འགོད་མཁན་གྱིས་རང་ཉིད་ནི་སྐུ་ཚབ་པ་པེ་ཏྲོ་ཡིན་པར་ངོས་བཟུང་ཡོད་ལ། འཕྲིན་ཡིག་གི་ནང་དོན་དང་དེའི་ཁྱད་ཆོས་ལས་ཀྱང་ཁོང་ནི་ཡི་གེར་འགོད་མཁན་ཡིན་པར་ར་སྤྲོད་བྱས་ཡོད་པ་རེད། དེར་མ་ཟད་འཕྲིན་ཡིག་འདི་ལས་འཕྲིན་བཟང་བཞི་པོ་དང་། མཛད་འཕྲིན་གྱི་ལོ་རྒྱུས་དང་དེའི་ཚིག་གི་བརྗོད་སྟངས། ལྷག་པར་པེ་ཏྲོའི་ཆོས་གསུངས་པའི་ཁྱད་ཆོས་བཅས་མངོན་པར་བསྟན་ཡོད། འཕྲིན་ཡིག་འདི་ནི་སྤྱི་ལོ་64ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
པེ་ཏྲོའི་འཕྲིན་ཡིག་དང་པོ་ལས་གཞུང་གི་ལྟ་བ་སྣ་ཚོགས་ཉུང་ཙམ་གླེང་ཡོད་ལ། ཡེ་ཤུའི་ཆོས་ལུགས་པའི་འཚོ་བ་དང་འགན་འཁྲིའི་སྐོར་མང་པོ་བརྗོད་ཡོད། འཕྲིན་ཡིག་འདི་ལ་ཁྱད་ཆོས་འགའ་རེ་ཡོད་དེ། སྤྱོད་ལམ་དམ་པ་དང་དཀའ་སྡུག་མྱོང་བ། བཙན་གནོན་ཐེབས་པ་དང་སྡུག་བསྔལ་འབྱུང་བ། གཟི་བརྗིད་དང་རེ་བ་ཆེན་པོ། ང་ཚོ་ནི་འཇིག་རྟེན་འདིའི་མགྲོན་པོ་ལྟ་བུ་ཡིན་པ། སྙིང་སྟོབས་ཆེར་བསྐྱེད་དགོས་པ་སོགས་དང་། དཀོན་མཆོག་གི་ཐུགས་རྗེ་ངོ་མ་ཡང་མཚོན་ཡོད་པ་རེད། དེར་མ་ཟད་འཕྲིན་ཡིག་འདི་ལས་སྤྱོད་ལམ་དམ་པ་བྱེད་དགོས་པར་རིམ་པ་བཞིན་དུ་སྐུལ་སློང་བྱས་པ་དང་། ལྷག་པར་དུས་ཀྱི་མཐའ་མ་ལ་རེ་བ་བཅངས་ནས་སྤྱོད་ལམ་དམ་པ་བསྲུང་དགོས་པར་བསྟན་ཡོད།
འཆར་ཟིན།
1. ཁམས་འདྲི། ༼1:1-2༽
2. དཀོན་མཆོག་གི་ཐུགས་རྗེ་དང་ཐར་པ་ལ་བསྟོད་བསྔགས་བརྗོད་པའི་སྐོར། ༼1:3-12༽
3. དམ་པ་ཡིན་དགོས་པའི་སྐོར། ༼1:13-5:11༽
4. འཕྲིན་ཡིག་འདི་འབྲི་བའི་དམིགས་ཡུལ། ༼5:12༽
5. མཇུག་མཐའི་འཚམས་ཞུ། ༼5:13-14༽
ལེའུ་དང༌པོ།
འཕྲིན་ཡིག་འབྱོར༌ཡུལ།
1 དེ་ཡང་པེ་ཏྲོ་ང་རང་ནི་ཡེ་ཤུ་མཱ་ཤི་ཀའི་སྐུ་ཚབ་པ་ཞིག་ཡིན་ཞིང་། འཕྲིན་ཡིག་འདི་ནི་ཕོན་ཐུ་དང༌། ག་ལད༌ཡཱ། ཀ་པ་ཏོ་ཡཱ། ཨེ་ཞི༌ཡཱ། པི་ཐིན་ཡཱ་ཡུལ་བཅས་ལ་ཐར་ཐོར་དུ་བྱེས་སུ་སྡོད་པ་རྣམས་ལ་སྤྲིངས་པའོ།།
2 ཁྱོད་ཅག་ནི་ཡེ་ཤུ་མཱ་ཤི་ཀའི་བཀའ་བརྩི་བ་དང་ཁོང་གི་སྐུ་ཁྲག་གཏོར་ཡུལ་ཡིན་པའི༌ཕྱིར། ཡབ་དཀོན་མཆོག་གིས་སྔ་མོ་ནས་མཁྱེན་པ་བཞིན་དུ་བདམས་ཤིང་། དམ་པའི་ཐུགས་ཉིད་བརྒྱུད་ནས་དམ་པར་མཛད་པའི་མི་རྣམས་ཡིན། ཁྱོད་ཅག་ལ་ཐུགས་རྗེ་དང་ཞི་བདེ་མང་དུ་གནང་བར༌སྨོན།
དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པ།
3 བདག་ཅག་གི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་བསྟོད་བསྔགས་བརྗོད་པར༌བྱའོ།། ཁོང་གིས་རང་ཉིད་ཀྱི་ཐུགས་རྗེ་ཆེན་པོ་བཞིན། ཡེ་ཤུ་མཱ་ཤི་ཀ་སྐུ་གྲོངས་པ་ནས་སླར་གསོན་པར་མཛད་པ་བརྒྱུད་ནས། བདག་ཅག་ལ་རེ་བ་གསོན་པོ་ལྡན་པའི་ཆེད་དུ། བདག་ཅག་ཡང་བསྐྱར་སྐྱེས་པར་མཛད་དེ།
4 བདག་ཅག་ལ་འཇིག་པ་མེད་པ་དང་། ནག་ནོག་གི་དྲི་མས་མ་གོས༌པ། ཉམས་པར་མི་འགྱུར༌བ། ནམ་མཁའི་ཞིང་ཁམས་སུ་ཉར་ཚགས་བྱས་ཡོད་པ་བཅས་ཀྱི་བགོ་སྐལ་འཐོབ་པར་འགྱུར་བའི་ཕྱིར༌རོ།།
5 ཁྱོད་རྣམས་ལ་སྟ་གོན་མཛད་པ་དང་དུས་ཀྱི་མཐའ་མར་མངོན་པར་འགྱུར་བའི་ཐར་པ་དེ་འཐོབ་པའི་ཆེད་དུ། ད་ལྟ་ཁྱོད་ཅག་ནི་དད་པའི་སྒོ་ནས་དཀོན་མཆོག་གི་ནུས་མཐུས་སྲུང་བར་མཛད་དོ།།
6 དེའི༌ཕྱིར། ཁྱོད་ཅག་ལ་དགའ་སྤྲོ་ཆེན་པོ་ལྡན་ཡང་། ད་ལྟ་དཀའ་སྡུག་སྣ་ཚོགས་ཀྱི་ཁྲོད་དུ་གནས་སྐབས་སུ་ཡིད་གདུང་དགོས་པ་ཡིན།
7 ཁྱོད་རྣམས་ཀྱི་དད་པར་ཚོད་བརྟག་བྱེད་པ་དེ་ནི། མེས་བཙོ་སྦྱང་བྱས་ནའང་འཇིག་པར་འགྱུར་བའི་གསེར་ལས་ཀྱང་རིན་ཆེན་པོར་སྣང༌ཞིང༌། ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་པའི་དུས་སུ། དད་པ་དེ་ལ་བསྔགས་བརྗོད་དང་། གཟི༌བརྗིད། བརྩི་མཐོང་བཅས་འཐོབ་པར་འགྱུར་བའི་ཕྱིར༌རོ།།
8 ཁྱོད་རྣམས་ཀྱིས་ཁོང་ཉིད་དངོས་སུ་མཐོང་མ་མྱོང་ཡང་གཅེས་སུ་འཛིན་པར་བྱེད། ད་ལྟ་ཁོང་ཉིད་མ་མཐོང་ཡང་ཁོང་ལ་དད་པ་བྱས་པའི་རྐྱེན་གྱིས། བརྗོད་ཀྱིས་མི་ལང་བ་དང་གཟི་བརྗིད་ལྡན་པའི་དགའ་སྤྲོ་ཆེན་པོ་ཡོད་པར་མ༌ཟད།
9 ཁྱོད་ཅག་གི་དད་པའི་འབྲས་བུ་སྟེ། རྣམ་ཤེས་ལ་ཐར་པ་འཐོབ་པར་འགྱུར་རོ།།
10 ཐར་པ་འདིའི་སྐོར་གླེང་བ་ཡིན་ན། སྔོན་ཆད་ཁྱོད་ཅག་ལ་ཐུགས་རྗེ་འཐོབ་པར་འགྱུར་ཞེས་གསུང་མཁན་ཏེ། ལུང་སྟོན་པ་རྣམས་ཀྱིས་སྔར་ནས་འཚོལ་རྟོག་དང་བརྟག་དཔྱད་ཞིབ་མོ་བྱས་མྱོང་ངོ་།།
11 དེ་ནི་ཁོ་རྣམས་ཀྱི་སེམས་ཁོང་དུ་ཡོད་པའི་སྐྱབས་མགོན་མཱ་ཤི་ཀའི་ཐུགས་ཉིད་ཀྱིས། སྐྱབས་མགོན་མཱ་ཤི་ཀས་སྡུག་བསྔལ་མྱང་བར་འགྱུར་བ་དང་ཕྱིས་སུ་གཟི་བརྗིད་འཐོབ་པར་འགྱུར་བར་སྔ་མོ་ནས་བདེན་དཔང་བྱས་ཏེ། དུས་ནམ་ཞིག་དང་དུས་ཅི་ལྟ་བུ་ཞིག་ཡིན་པ་ལ་བརྟག་དཔྱད་བྱས་པ་ཡིན།
12 ཡང་ཁོ་རྣམས་ལ་མངོན་པར་མཛད་པ༌བཞིན། ཁོ་རྣམས་ཀྱིས་རང་གི་དོན་དུ་མ་ཡིན་པར་ཁྱོད་རྣམས་ཀྱི་ཆེད་དུ་ཞབས་ཕྱི་བསྒྲུབས་ཤིང་། ནམ་མཁའི་ཞིང་ཁམས་ནས་མངགས་ཡོང་བའི་དམ་པའི་ཐུགས་ཉིད་ལ་བརྟེན༌ནས་ཁྱོད་རྣམས་ལ་འཕྲིན་བཟང་སྒྲོག་མཁན་རྣམས་ཀྱིས། ད་ལྟ་དོན་དེ་རྣམས་ཁྱོད་ཅག་ལ་བསྒྲགས་པ་དང༌། ཐ་ན་ཕོ་ཉ་རྣམས་ཀྱིས་ཀྱང་དོན་འདི་དག་ལ་ཞིབ་ཏུ་བརྟག་པར་དགོངས་སོ།།
དམ་པ་ཡིན་དགོས་པའི༌སྐོར།
13 དེའི༌ཕྱིར། ཁྱོད་ཅག་གིས་རང་གི་སེམས་གཅུན་ཞིང་རང་ཚོད་ཟིན་དགོས་པ༌དང༌། ཡེ་ཤུ་མཱ་ཤི་ཀ་མངོན་སུམ་དུ་ཕེབས་པའི་དུས༌སུ། ཁྱོད་རྣམས་ལ་གནང་ངེས་པའི་ཐུགས་རྗེ་ལ་བློ་སེམས་རྩེ་གཅིག་གིས་རེ་བ་གཟུང་དགོས་སོ།།
14 ཁྱོད་རྣམས་ནི་བཀའ་བརྩི་བའི་བུ་ཕྲུག་ཡིན་པ་བཞིན། སྔོན་ཆད་རྨོངས་པའི་དུས་ཀྱི་འདོད་ཆགས་བཞིན་དུ་མ་བྱེད༌ཅིག
15 དེ་ལས་ལྡོག་སྟེ་ཁྱོད་ཅག་ལ་ཞལ་འབོད་གནང་མཁན་ནི་དམ་པ་ཡིན་པ་བཞིན། ཁྱོད་རྣམས་ཀྱང་སྤྱོད་ལམ་ཀུན་ནས་དམ་པ་ཡིན་དགོས༌ཏེ།
16 གསུང་རབ་ཀྱི་མདོ་ལས་ཇི་སྐད༌དུ། བདག་ནི་དམ་པ་ཡིན་པའི༌ཕྱིར་ཁྱོད་རྣམས་ཀྱང་དམ་པ་ཡིན་དགོས༌སོ། །ཞེས་བཀོད་པའི་ཕྱིར༌རོ།།
17 དེ་ཡང་མི་ལ་ཕྱོགས་རིས་མི་འཛིན་པར་མི་རེ་རེའི་སྤྱོད་ལམ་བཞིན་དུ་ཁྲིམས་ཐག་གཅོད་མཁན་ལ་ཁྱོད་རྣམས་ཀྱིས་ཡབ་ལགས་ཞེས་འབོད་པས། ཁྱོད་རྣམས་བྱེས་སུ་སྡོད་དུས་གུས་ཤིང་འཇིགས་པའི་སེམས་བཅང་དགོས་སོ།།
18 ཁྱོད་རྣམས་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་ཅིང་སྙིང་པོ་མེད་པའི་སྤྱོད་ལམ་དག་ལས་བླུས་ནས་ཐར་བར་མཛད་པ༌ནི། འཇིག་པར་འགྱུར་བའི་གསེར་དངུལ་ལ་སོགས་པའི་དངོས་པོར་བརྟེན་པ་མ་ཡིན༌པར།
19 སྐྱབས་མགོན་མཱ་ཤི་ཀའི་སྐུ་ཁྲག་རིན་ཆེན་ཏེ། ནག་ནོག་མ་འདྲེས་པ་དང་། དྲི་མས་མ་གོས་པའི་ལུ་གུའི་ཁྲག་དང་མཚུངས་པ་དེ་ལ་བརྟེན་པ་ནི་ཁྱོད་རྣམས་ཀྱིས་ཤེས༌སོ།།
20 དཀོན་མཆོག་གིས་འཇིག་རྟེན་ཁམས་མ་བཀོད་པའི་ཡར་སྔོན་ལ་སྐྱབས་མགོན་ཡེ་ཤུ་སྔ་མོ་ནས་མཁྱེན་པ་ཡིན༌ཡང༌། དུས་ཀྱི་མཐའ་མ་འདིར་ད་གཟོད་ཁྱོད་རྣམས་ཀྱི་དོན་དུ་མངོན༌པར་མཛད།
21 ཁྱོད་རྣམས་ཀྱིས་ཀྱང་ཁོང་ཉིད་བརྒྱུད་ནས་དཀོན་མཆོག་ལ་དད་པ་བྱས༌ཤིང༌། དཀོན་མཆོག་གིས་ཁོང་ཉིད་སྐུ་གྲོངས་པ་ནས་སླར་གསོན་པ་དང་གཟི་བརྗིད་དང་ལྡན་པར་མཛད་དོ།། དེ་ནི་ཁྱོད་རྣམས་ཀྱིས་དཀོན་མཆོག་ལ་དད་པ་དང་རེ་བ་བྱེད་པའི་ཕྱིར༌རོ།།
22 ཡང་ཁྱོད་ཅག་གིས་བདེན་པ་ཉིད་བརྩིས་ནས་རང་གི་སེམས་གཙང་མར་བྱས་པ་དང་སྤུན་ཟླ་རྣམས་ལ་ཟོལ་གྱིས་གཅེས་པ་མ་ཡིན་པས། སེམས་གཏིང་ནས་ཕན་ཚུན་ལ་གཅེས་དགོས་སོ།།
23 ཁྱོད་རྣམས་ཡང་བསྐྱར་སྐྱེས་པ་ནི་འཇིག་པར་འགྱུར་བའི་ས་བོན་ལས་བྱུང་བ་མ་ཡིན་པར། འཇིག་པ་མེད་པའི་ས་བོན༌ཏེ། དཀོན་མཆོག་གི་སྲོག་དང་ལྡན་ཞིང་གཏན་དུ་བཞུགས་པའི་བཀའ་ལ་བརྟེན་ནས་བྱུང་བའོ།།
24 ཅིའི་ཕྱིར་ཞེ་ན།
ལུས་ཅན་ཐམས་ཅད་རྩྭ་དང༌འདྲ།།
གཟི་བརྗིད་རྩྭ་ཡི་མེ་ཏོག༌འདྲ།།
རྩྭ་ནི་བསྐམས་ནས་མེ་ཏོག༌ཡལ།།
25 གཙོ་བོའི་བཀའ་ནི་རྟག་ཏུ་གནས།།
ཞེས་གསུངས་པའི་ཕྱིར༌ཡིན་ཞིང་། ཁྱོད་རྣམས་ལ་བསྒྲགས་པའི་འཕྲིན་བཟང་ཡང་བཀའ་འདི་ཡིན༌ནོ།།