ལེའུ་སོ་བཞི་པ།
ཀ་ན་ཨན་ཡུལ་གྱི་ས་མཚམས།
1 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་བཀའ་གནང་ནས་འདི་ལྟར་སྨྲོས་ཤིག ཁྱོད་རྣམས་ཀ་ན་ཨན་ཡུལ་དུ་འཛུལ་བའི་ཚེ། ཁྱོད་རྣམས་ལ་ས་སྐལ་དུ་དབང་བའི་ཀ་ན་ཨན་ཡུལ་དང་དེའི་ས་མཚམས་རྣམས་ནི་འདི་ལྟ་སྟེ།
3 ཁྱོད་ཅག་གི་ལྷོ་ཡུལ་ཁག་ནི་ཟིན་གྱི་དབེན་སྟོང་ནས་ཨེ་དོམ་གྱི་ས་མཚམས་ལ་འབྲེལ་བ་དང་། ལྷོ་ཕྱོགས་ཀྱི་ས་མཚམས་ནི་ཚྭ་མཚོའི་ཤར་མཐའ་ནས་བརྩམས་ཏེ།
4 ཁྱོད་ཅག་གི་ས་མཚམས་ནི་ཨག་རབ་པིམ་གྱེན་ངོས་ཀྱི་ལྷོ་ཕྱོགས་སུ་འཁོར་ཞིང་ཟིན་བརྒལ་ནས། ཀཱ་དེའེ་ཤཱ་པར་ནེ་ཨ་ཡི་ལྷོ་ཕྱོགས་སུ་སླེབས་ཤིང་། ཧ་ཚར་ཨད་ཐར་གྱི་ལམ་བརྒྱུད་ནས་ཨ་ཚ་མོན་དུ་གཏུག་པའོ། །
5 ཁྱོད་ཅག་གི་ས་མཚམས་ནི་ཨ་ཚ་མོན་ནས་ཨེ་ཅིབ་ཆུ་བོ་ཡོད་སར་འཁོར་ཞིང་རྒྱ་མཚོ་ལ་ཐུག་པའོ། །
6 ནུབ་ཕྱོགས་ཀྱི་ས་མཚམས་ཐད། ཁྱོད་ཅག་ལ་རྒྱ་མཚོ་ཆེན་པོ་དང་མཚོ་འགྲམ་ཡོད་ལ། དེ་ནི་ཁྱོད་ཅག་གི་ནུབ་ཕྱོགས་ཀྱི་མཐའ་མཚམས་ཡིན་ནོ། །
7 ཁྱོད་ཅག་གི་བྱང་ཕྱོགས་ཀྱི་ས་མཚམས་ནི་འདི་ལྟ་སྟེ། རྒྱ་མཚོ་ཆེན་པོ་ནས་རི་བོ་ཧོར་བར་དུ་རྟགས་རྒྱོབ་ཅིག
8 རི་བོ་ཧོར་ནས་ལེ་པོ་ཧ་མཱད་བར་དུ་རྟགས་རྒྱོབ་དང་། དེའི་ས་མཚམས་ནི་ཚེ་དད་དུ་གཏུག་པར་བྱ།
9 ས་མཚམས་དེ་ནི་ཟིབ་རོན་ལ་བསྲིངས་ནས་ཧ་ཚར་ཨེ་ནན་དུ་སླེབས་པ་དང་། དེ་ནི་ཁྱོད་ཅག་གི་བྱང་ཕྱོགས་ཀྱི་ས་མཚམས་ཡིན་ནོ། །
10 ཁྱོད་ཅག་གི་ཤར་ཕྱོགས་ཀྱི་ས་མཚམས་ལ་ཧ་ཚར་ཨེ་ནན་ནས་ཤེ་ཕམ་བར་དུ་རྟགས་བརྒྱག་དགོས་པ་དང་།
11 དེའི་ས་མཚམས་ནི་ཤེ་ཕམ་ནས་མར་ཨ་ཡིན་གྱི་ཤར་ཕྱོགས་སུ་ཡོད་པའི་རིབ་ལཱ་རུ་བསླེབ་པ་དང་། དེའི་ས་མཚམས་ནི་ཀིན་ནེ་རོད་མཚོའི་ཤར་ཕྱོགས་སུ་གཏུག་པར་བྱ།
12 དེའི་ས་མཚམས་མར་ཡོར་དན་གཙང་པོར་སླེབས་ནས་ཚྭ་མཚོ་ལ་གཏུག་དགོས་པ་དང་། འདི་ནི་ཁྱོད་ཅག་གི་ཡུལ་དང་དེའི་མཐའ་འཁོར་གྱི་ས་མཚམས་རྣམས་ཡིན་ཞེས་པའོ་གསུངས་སོ། །
13 མོ་ཤེ་ཡིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར། འདི་ནི་ཁྱོད་ཅག་གིས་རྒྱན་འཕངས་ནས་ལེན་པའི་ས་སྐལ་ཡིན་ཏེ། དཀོན་མཆོག་ཡ་ཝཱེས་ཚོ་པ་དགུ་དང་ཕྱེད་ཀ་ལ་སྦྱིན་དགོས་པའི་བཀའ་གནང་བའོ། །
14 དེ་བས་རུ་བེན་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་དང་གཱ་རྡུའི་བུ་རྒྱུད་རྣམས་ཀྱི་ཚོ་པར་རང་རང་གི་ཕ་ཁྱིམ་བཞིན་དུ་ས་སྐལ་ཐོབ་པ་དང་། མཱ་ན་ཤེའི་ཚོ་པ་ཕྱེད་ཀར་ཡང་ས་སྐལ་ཐོབ་པ་ཡིན་ནོ། །
15 ཚོ་པ་གཉིས་དང་ཕྱེད་ཀ་དེར་ཡེ་རུ་ཀོའི་ཕ་རོལ་ཏུ། ཡོར་དན་གཙང་པོའི་ཤར་དུ་ཉི་མ་ཤར་ཕྱོགས་ཀྱི་ཡུལ་ནས་ས་སྐལ་ཐོབ་པ་ཡིན་ཞེས་གསུངས་སོ། །
16 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
17 འདི་ནི་ཁྱོད་ཅག་ལ་ས་སྐལ་བགོ་མཁན་གྱི་མིང་ཡིན་ཏེ། མཆོད་དཔོན་ཨེ་ལི་ཨ་ཟར་དང་ནུན་གྱི་བུ་ཡོ་ཤུ་ཨ་གཉིས་སོ། །
18 ཡང་ཁྱོད་ཅག་གིས་ཚོ་པ་རེ་ནས་འགོ་དཔོན་རེ་བདམས་ནས་ས་སྐལ་བགོ་རོགས་བྱེད་དགོས།
19 མི་དེ་དག་གི་མིང་ནི་འདི་ལྟ་སྟེ། ཡ་ཧུ་དཱའི་ཚོ་པ་ནས་ཡེ་ཕུན་ནེའི་བུ་ཀཱ་ལེབ་དང་།
20 སི་མུ་ཨོན་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་ཨམ་མེ་ཧུད་ཀྱི་བུ་སཱ་མུ་ཨེལ་དང་།
21 པེན་ཡཱ་མེན་གྱི་ཚོ་པ་ནས་ཀེ་སི་ལོན་གྱི་བུ་ཨེ་ལི་དད།
22 དཱན་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཡོག་ལིའི་བུ་པུག་ཀི།
23 ཡོ་སེབ་ཀྱི་བུ་རྣམས་ལས་མཱ་ན་ཤེའི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཨེ་པོད་ཀྱི་བུ་ཧ་ནེ་ཨེལ།
24 ཨེ་ཕཱར་ཡིམ་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཤིབ་ཏན་གྱི་བུ་ཀཱ་མུ་ཨེལ།
25 ཟེ་བུ་ལུན་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཕར་ནཱག་གི་བུ་ཨེ་ལི་ཙ་ཕན།
26 ཡེས་སི་ཀཱར་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཨ་ཚན་གྱི་བུ་ཕལ་ཏི་ཨེལ།
27 ཨ་ཤེར་གྱི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཤེ་ལོ་མིའི་བུ་ཨ་ཧི་ཧུད།
28 ནཱབ་ཐ་ལིའི་བུ་རྒྱུད་རྣམས་ཀྱི་ཚོ་པ་ནས་འགོ་དཔོན་གཅིག་ཡོད་པ་ཨམ་མེ་ཧུད་ཀྱི་བུ་ཕེ་དཱ་ཨེལ་བཅས་ཡིན།
29 དེ་དག་ནི་དཀོན་མཆོག་ཡ་ཝཱེས་ཀ་ན་ཨན་ཡུལ་དུ་ཡེས་ར་ཨེལ་པ་རྣམས་ལ་ས་སྐལ་བགོ་འགྲེམ་བྱེད་པར་བསྒོས་པ་རྣམས་ཡིན་ཞེས་གསུངས་སོ། །