ལེའུ་སོ་ལྔ་པ།
ལེ་ཝི་པའི་གྲོང་ཁྱེར།
1 དེ་ཡང་ཡེ་རུ་ཀོའི་ཁ་གཏད་དེ་ཡོར་དན་གཙང་པོའི་འགྲམ་དུ་ཡོད་པའི་མོ་ཨབ་སྤང་ལྗོངས་སུ་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
2 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་སྒོས་ཤིག ཁོ་ཚོས་བདག་ཏུ་བཟུང་བའི་ས་སྐལ་ནས་ལེ་ཝི་པ་རྣམས་ལ་གྲོང་ཁྱེར་འགའ་སྡོད་གནས་སུ་སྦྱིན་དགོས་ལ། གྲོང་ཁྱེར་དེ་དག་གི་ཉེ་འཁོར་གྱི་སྤང་ཐང་དག་ཀྱང་ལེ་ཝི་པ་རྣམས་ལ་སྤྲོད་དགོས།
3 གྲོང་ཁྱེར་དེ་དག་གི་ནང་དུ་ཁོ་རྣམས་འདུག་དགོས་པ་དང་། དེ་དག་གི་ཉེ་འཁོར་སྤང་ཐང་དུ་ཁོ་ཚོའི་བ་གླང་དང་། ལུག་ཁྱུ་དང་། ཕྱུགས་ཟོག་ཐམས་ཅད་འཚོས་ཆོག་པ་ཡིན།
4 ཁྱོད་ཅག་གིས་ལེ་ཝི་པ་རྣམས་ལ་སྤྲོད་པར་བྱ་བའི་གྲོང་ཁྱེར་ཉེ་འཁོར་གྱི་སྤང་ཐང་དག་ནི། གྲོང་ཁྱེར་གྱི་ལྕགས་རི་ནས་ཕྱི་ལོགས་སུ་ཁྲུ་ཆིག་སྟོང་ཚད་དགོས་པ་དང་།
5 ཡང་གྲོང་ཁྱེར་ཕྱི་རོལ་ནས་ཁྱོད་ཅག་གིས་ཤར་ཕྱོགས་སུ་ཁྲུ་ཉིས་སྟོང་དང་། ལྷོ་ཕྱོགས་སུ་ཁྲུ་ཉིས་སྟོང་དང་། ནུབ་ཕྱོགས་སུ་ཁྲུ་ཉིས་སྟོང་དང་། བྱང་ཕྱོགས་སུ་ཁྲུ་ཉིས་སྟོང་བཅས་ཚད་ནས། གྲོང་ཁྱེར་དཀྱིལ་དབུས་སུ་ཡོད་དགོས། གྲོང་ཁྱེར་ཉེ་འཁོར་གྱི་སྤང་ཐང་རྣམས་ཁོ་ཚོར་དབང་བར་བྱེད་དགོས་པའོ། །
སྐྱབས་བཅོལ་སའི་གྲོང་ཁྱེར་རྣམས།
6 ཁྱོད་ཅག་གིས་ལེ་ཝི་པ་རྣམས་ལ་སྦྱིན་པར་བྱ་བའི་གྲོང་ཁྱེར་རྣམས་ལས་སྐྱབས་བཅོལ་གྲོང་ཁྱེར་དྲུག་ཡོད་དགོས་ལ། མི་གསོད་མཁན་རྣམས་དེའི་ནང་དུ་བྲོས་ཆོག་པ་ཡིན། གཞན་ད་དུང་གྲོང་ཁྱེར་བཞི་བཅུ་ཞེ་གཉིས་ཁོ་རྣམས་ལ་སྦྱིན་དགོས།
7 དེ་བཞིན་ཁྱོད་ཅག་གིས་ལེ་ཝི་པ་རྣམས་ལ་བསྡོམས་པས་གྲོང་ཁྱེར་བཞི་བཅུ་ཞེ་བརྒྱད་དང་། དེ་དག་གི་ཉེ་འཁོར་སྤང་ཐང་བཅས་པ་སྦྱིན་དགོས།
8 ཡེས་ར་ཨེལ་པ་རྣམས་ཀྱིས་བདག་ཏུ་བཟུང་བའི་ས་སྐལ་དག་ལས། ཁྱོད་ཅག་གིས་ལེ་ཝི་པ་རྣམས་ལ་གྲོང་ཁྱེར་རྣམས་སྦྱིན་དགོས་པ་སྟེ། ཚོ་པ་ཆེན་པོ་རྣམས་ལས་མང་པོ་དང་། ཚོ་པ་ཆུང་ངུ་རྣམས་ལས་ཉུང་ངུ་ཐོངས་ཤིག ཚོ་པ་རེ་རེས་རང་རང་ལ་ཐོབ་པའི་ས་སྐལ་བཞིན་དུ། གྲོང་ཁྱེར་དག་ནས་ལེ་ཝི་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་གསུངས་སོ། །
9 དེ་ནས་ཡང་དཀོན་མཆོག་ཡ་ཝཱེས་མོ་ཤེ་ལ་འདི་སྐད་དུ།
10 ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ལ་འདི་ལྟར་སྒོས་ཤིག ཁྱོད་རྣམས་ཡོར་དན་གཙང་པོ་བརྒལ་ནས་ཀ་ན་ཨན་ཡུལ་དུ་སླེབས་པའི་ཚེ།
11 ཁྱོད་ཅག་གི་སྐྱབས་བཅོལ་སའི་གྲོང་ཁྱེར་དུ་གྲོང་ཁྱེར་འགའ་འདེམས་དགོས་ལ། རྒྱག་ཉེས་ཤོར་ནས་མི་བསད་པ་དེ་ཡུལ་དེར་བྲོས་ཆོག་པ་ཡིན།
12 གྲོང་ཁྱེར་དེ་དག་ནི་ཁྱོད་ཅག་དགྲ་ཤ་ལེན་མཁན་ལ་གཡོལ་སའི་སྐྱབས་བཅོལ་གྲོང་ཁྱེར་ཡིན་ལ། རྒྱག་ཉེས་ཤོར་ནས་མི་གསོད་མཁན་དེ་མི་ཚོགས་ཀྱི་མདུན་དུ་འགྲེང་སྟེ་ཁྲིམས་ཐག་གཅོད་པའི་བར་དུ་འཆི་བར་མི་འགྱུར་བའོ། །
13 ཁྱོད་ཅག་གིས་གཏན་ལ་ཁེལ་བའི་སྐྱབས་བཅོལ་གྲོང་ཁྱེར་གྱི་གྲངས་ཀ་ནི་དྲུག་ཡིན་ཏེ།
14 ཁྱོད་ཅག་གིས་ཡོར་དན་གཙང་པོའི་ཤར་ཕྱོགས་ནས་གྲོང་ཁྱེར་གསུམ་སྦྱིན་དགོས་ལ། ཀ་ན་ཨན་ཡུལ་ནས་གྲོང་ཁྱེར་གསུམ་སྦྱིན་དགོས། དེ་དག་ནི་སྐྱབས་བཅོལ་གྲོང་ཁྱེར་ཡིན་དགོས་སོ། །
15 གྲོང་ཁྱེར་དྲུག་པོ་དེ་ནི་ཡེས་ར་ཨེལ་པ་རྣམས་དང་། ཕྱི་མི་རྣམས་དང་། དེ་དག་ཁྲོད་དུ་གནས་པའི་བྱེས་པ་རྣམས་ཀྱི་དོན་དུ་སྐྱབས་བཅོལ་གྲོང་ཁྱེར་ཡིན་ལ། རྒྱག་ཉེས་ཤོར་ནས་མི་གསོད་མཁན་ཐམས་ཅད་ཡུལ་དེར་བྲོས་ཆོག་པའོ། །
16 གལ་སྲིད་མི་ཞིག་གིས་ལྕགས་ཆས་ཀྱིས་མི་ལ་བརྡུངས་ནས་མི་དེ་བསད་པ་ཡིན་ན། ཁོས་མི་བསད་པ་ཡིན་པས། མི་གསོད་མཁན་ནི་ངེས་པར་གསོད་དགོས།
17 ཡང་མི་ཞིག་གི་ལག་ཏུ་མི་གསོད་ནུས་པའི་རྡོ་བཟུང་སྟེ་མི་ལ་བརྡུངས་ནས་མི་དེ་བསད་པ་ཡིན་ན། ཁོས་མི་བསད་པ་ཡིན་པས། མི་གསོད་མཁན་ནི་ངེས་པར་གསོད་དགོས།
18 ཡང་མི་ཞིག་གི་ལག་ཏུ་མི་གསོད་ནུས་པའི་ཤིང་ཆས་བཟུང་སྟེ་མི་ལ་བརྡུངས་ནས་མི་དེ་བསད་ན། ཁོས་མི་བསད་པ་ཡིན་པས། མི་གསོད་མཁན་ནི་ངེས་པར་གསོད་དགོས་པའོ། །
19 ཁྲག་ལན་སློག་མཁན་གྱིས་མི་གསོད་མཁན་དེ་དངོས་སུ་གསོད་དགོས་ལ། ལག་དམར་དེ་ལ་ཐུག་མ་ཐག་དེ་གསོད་དགོས་པ་ཡིན།
20 གལ་སྲིད་མི་ཞིག་གིས་སྙིང་ནད་བཅངས་ནས་མི་ས་རུ་སྒྱེལ་བའམ། ཡང་ན་འཇབ་ནས་བསྡད་དེ་མི་ལ་བརྒྱབ་ནས་བསད་པའམ།
21 ཡང་ན་ཞེ་འཁོན་བཟུང་ནས་ལག་པས་མི་ལ་བརྡུངས་ནས་མི་བསད་པ་ཡིན་ན། ཁོས་མི་བསད་པ་ཡིན་པས་རྡུང་མཁན་དེ་ངེས་པར་གསོད་དགོས། ཁྲག་ལན་སློག་མཁན་གྱིས་ལག་དམར་དེ་ལ་ཐུག་མ་ཐག་དེ་གསོད་དགོས་པ་ཡིན་ནོ། །
22 འོན་ཀྱང་མི་ལ་ཞེ་འཁོན་མེད་པར་གློ་བུར་མི་ཞིག་ས་རུ་སྒྱེལ་བའམ། ཡང་ན་སྦ་གསང་མེད་པར་མི་ལ་ཅི་རིགས་ཀྱིས་བརྒྱབ་པའམ།
23 ཡང་ན་མ་མཐོང་བར་མི་གསོད་ནུས་པའི་རྡོ་ཡིས་མི་ལ་བརྒྱབ་ནས་མི་ཞིག་བསད་ཀྱང་། གསོད་མཁན་དེ་དང་མི་དེའི་བར་ཞེ་འཁོན་མེད་པ་དང་མི་དེར་གནོད་སྐྱེལ་བའི་བསམ་པའང་མེད་ན།
24 དེ་ནས་མི་ཚོགས་ཀྱིས་ཁྲིམས་སྲོལ་བཞིན་དུ། མི་གསོད་མཁན་དང་ཁྲག་ལན་སློག་མཁན་གཉིས་ཀྱི་བར་དུ་ཁྲིམས་ཐག་གཅོད་དགོས།
25 མི་ཚོགས་ཀྱིས་མི་གསོད་མཁན་དེ་ཁྲག་ལན་སློག་མཁན་གྱི་ལག་ནས་བསྐྱབས་ཏེ། ཁོ་རང་འབྲོ་སའི་སྐྱབས་བཅོལ་གྲོང་ཁྱེར་དུ་བསྐྱལ་བ་དང་། སྣུམ་དམ་པས་བྱུགས་ཡོད་པའི་མཆོད་དཔོན་ཆེན་པོ་ཤི་བའི་བར་དུ་ཁོ་དེ་རུ་གནས་པར་བྱའོ། །
26 འོན་ཀྱང་མི་གསོད་མཁན་དེ་ཁོ་རང་འབྲོ་སའི་སྐྱབས་བཅོལ་གྲོང་ཁྱེར་མངའ་ཁོངས་ཀྱི་ཕྱི་རུ་ཐོན་པ་དང་།
27 ཁྲག་ལན་སློག་མཁན་གྱིས་ཁོ་རང་སྐྱབས་བཅོལ་གྲོང་ཁྱེར་གྱི་ཕྱི་ནས་རྙེད་དེ་ཁོ་བསད་ན། ཁྲག་ལན་སློག་མཁན་གྱིས་ཁྲག་བཞུར་བའི་ཉེས་པ་བྱས་མེད།
28 ཅི་ལ་ཟེར་ན། མི་གསོད་མཁན་དེ་ནི་མཆོད་དཔོན་ཆེན་པོ་ཤི་བའི་བར་དུ་སྐྱབས་བཅོལ་གྲོང་ཁྱེར་དུ་འདུག་དགོས་པའི་ཕྱིར་ཡིན། མཆོད་དཔོན་ཆེན་པོ་ཤི་བའི་རྗེས་སུ་མི་གསོད་མཁན་དེ་རང་གི་ཡུལ་དུ་ཕྱིར་ལོག་ཆོག་པ་ཡིན།
29 འདི་ནི་ཁྱོད་ཚོའི་སྡོད་གནས་ཐམས་ཅད་དུ་ཁྱོད་ཅག་གི་མི་རབས་ནས་མི་རབས་བར་གྱི་སྒྲིག་ཁྲིམས་དང་སྲོལ་ཡིག་ཡིན་ནོ། །
30 མི་གསོད་མཁན་སུ་ཡིན་རུང་དཔང་པོ་ཁ་ཤས་ཀྱི་བདེན་དཔང་ལ་བརྟེན་ནས་ད་གཟོད་བསད་ཆོག་པ་དང་། གལ་སྲིད་དཔང་པོ་གཅིག་ཁོ་ན་ལས་མེད་ན་མི་དེ་གསོད་པར་མི་བྱའོ། །
31 སྲོག་ཆད་གཅོད་དགོས་པ་སྟེ་བསམ་བཞིན་དུ་མི་གསོད་མཁན་ནི། ཁྱོད་ཅག་གིས་བླུ་རིན་བླངས་ནས་མི་དེའི་སྲོག་བླུ་མི་རུང་སྟེ། དེ་ནི་ངེས་པར་གསོད་དགོས་པས་སོ། །
32 སྐྱབས་བཅོལ་གྲོང་ཁྱེར་དུ་བྲོས་པ་དེར་མཚོན་ནའང་ཁྱོད་ཅག་གིས་དེའི་བླུ་རིན་བླངས་ནས། མཆོད་དཔོན་ཆེན་པོ་མ་ཤི་སྔོན་དུ་རང་ཡུལ་དུ་ལོག་ནས་འདུག་ཏུ་འཇུག་མི་རུང་།
33 དེ་ལྟར་བྱས་ན་ཁྱོད་ཅག་གིས་རང་གི་སྡོད་གནས་མ་སྦགས་པ་སྟེ། གང་ལ་ཞེ་ན། ཁྲག་གིས་གནས་སྦག་པར་བྱེད་པའི་ཕྱིར་རོ། །ས་དེར་མཚོན་ན་མི་གསོད་མཁན་དེའི་ཁྲག་མ་གཏོགས་གཞན་པའི་ཁྲག་གིས་གནས་དེར་སྡིག་བཤགས་བྱེད་མི་རུང་བ་ཡིན།
34 ཡ་ཝཱེ་བདག་ནི་ཡེས་ར་ཨེལ་པ་རྣམས་ཀྱི་དཀྱིལ་དུ་གནས་ཡོད་པས། ཁྱོད་ཅག་གིས་རང་གི་སྡོད་ཡུལ་ཏེ་བདག་གནས་པའི་ཡུལ་ནི་སྦག་མི་རུང་ཞེས་པའོ་གསུངས་སོ། །