གསུང་མགུར་སོ་བརྒྱད༌པ།
སྡུག་བསྔལ་གྱིས་མནར་བ་རྣམས་ཀྱི་གསོལ་འདེབས།
༼དཱ་བིད་ཀྱི་དྲན་གསོའི་མགུར༌མ།༽ ཐུགས་ཁྲོས་བཀའ་བཀྱོན་མ་གནང་ཀྱེ་ཡ༌ཝཱེ། །གཏུམ་དྲག་ནང་དུ་ང་རང་མི་གཅུན༌རོགས།། ཁྱེད་ཀྱི་མདའ་མོས་ང་ཡི་ལུས་བརྟོལ༌ཞིང༌། །ཁྱེད་ཀྱི་ཕྱག་ནི་ངའི་སྟེང་ལྗིད་པར༌གནོན།། ཁྱེད་ཉིད་ཁྲོས་པས་བདག་གི་ལུས་སྟོབས༌ཉམས། །སྡིག་པའི་རྐྱེན་གྱིས་རུས་པ་བདེ་མ༌བྱུང༌།། བདག་གི་ཉེས་པས་ང་རང་བསྣུབས་པ༌དང༌། །ཁུར་ཆེན་བཞིན་དུ་ང་ལ་རབ་ཏུ༌ལྕི།། ང་རང་གླེན་པས་བདག་གི་རྨ་ཁ༌རྣམས། །རྣག་གིས་ཟོས་ཤིང་དྲི་ངན་འཐུལ་ནས༌འོང༌།། ཟུག་གཟེར་ལངས་ནས་ལུས་པོ་རབ་ཏུ༌བསྒུར། །ཉི་མ་གང་པོར་སྡུག་བསྔལ་གནས་སུ༌ལྷུང༌།། ང་ཡི་རྐེད་པར་མེ་ཡི་ན་ཟུག༌བྱུང༌། །ལུས་སྟེང་ན་ཚ་མེད་ས་ཡོད་མ༌ཡིན།། བདག་ནི་ཞ་ཞིང་སྟོབས་ཤུགས་རབ་ཏུ༌ཟད། །སེམས་ཀྱི་སྡུག་བསྔལ་རྐྱེན་གྱིས་སྨྲེ་སྔགས༌བཏོན།། གཙོ་བོ་ཁྱེད་དྲུང་ང་ཡི་བསམ་འདུན༌བཤམས། །ང་ཡི་འཁུན་སྒྲ་ཁྱེད་ལ་སྦས་པ༌མེད།། 10 ངའི་སྙིང་འདར་ཞིང་ལུས་སྟོབས་ཟད་པ༌དང༌། །ང་ཡི་མིག་གི་མདངས་ཀྱང་ཡལ་བར༌གྱུར།། 11 བདག་གི་གྲོགས་མཆོག་དང་ནི་མཛའ་བོ༌རྣམས། །ང་ཡི་ན་ཚའི་རྐྱེན་གྱིས་གཡོལ་བ༌དང༌། །ཤ་ཉེ་གཉེན་འབྲེལ་རྣམས་ *ཀྱང་རྒྱང་ནས༌སྡོད།། 12 བདག་གི་སྲོག་ལ་རྔམ་པས་རྙི་འཛུགས༌ཤིང༌། །གནོད་འཚེ་བྱ་འདོད་རྣམས་ཀྱིས་བརླག་པར༌སྨྲ། །དེ་ཚོས་ཉིན་གང་གཡོ་སྒྱུའི་གྲོས་བྱེད༌མོད།། 13 འོན་པ་བཞིན་དུ་ང་ཡིས་མི་ཐོས༌ཤིང༌། །ལྐུགས་པའི་ཚུལ་གྱིས་བདག་གིས་ཅང་མི༌སྨྲ།། 14 དེའི་ཕྱིར་ང་ནི་རྣ་བས་མི་ཐོས༌ཤིང༌། །ངག་ཏུ་ཨ་ལན་འདེབས་རྒྱུ་མེད་མཁན༌འདྲ།། 15 ཡ་ཝཱེ་བདག་གིས་ཁྱེད་ལ་རེ་ལྟོས༌བཅངས། །ང་ཡི་དཀོན་མཆོག་ཁྱེད་ཀྱིས་བཀའ་ལན༌གནང༌།། 16 དེ་ཚོས་ང་ལ་ངོམ་སོ་སྟོན་པ༌དང༌། །བདག་གི་རྐང་པ་འདྲེད་དུས་དེ་དག༌གིས། །རང་རློམ་བྱེད་པར་མ་གནང་ཞེས་ངས༌སྨྲས།། 17 ང་ནི་ནམ་ཡང་འགྱེལ་ལ་ཁད་ཡོད༌པས། །ང་ཡི་ན་ཟུག་ནམ་རྒྱུན་ངའི་མདུན༌ལྷགས།། 18 བདག་གིས་རང་གི་ཉེས་པ་མཐོལ་བཤགས༌བྱ། །རང་གི་སྡིག་པའི་རྐྱེན་གྱིས་སེམས་འཚེར༌ཡང༌།། 19 བདག་གི་ངར་ཤུགས་ཆེ་བའི་དགྲ་ནི༌མང་། །དོན་མེད་ང་ལ་སྡང་མཁན་བགྲང་ལས༌འདས།། 20 བཟང་ལན་ངན་འཇལ་བྱེད་མཁན་དེ་ཚོ༌ཡིས། །ང་ཡིས་བཟང་པོ་བསྙེགས་ཕྱིར་ངའི་དགྲར༌ལངས།། 21 ཀྱེ་ཀྱེ་ཡ་ཝཱེ་བདག་ནི་མི་འདོར༌ཞིང་། །ང་ཡི་དཀོན་མཆོག་རིང་དུ་མི་གྱེས༌རོགས།། 22 ཀྱེ་ཀྱེ་གཙོ་བོ་ང་ཡི་མགོན་སྐྱབས༌ལགས། །མྱུར་དུ་ཕེབས་ནས་ང་རང་སྐྱབས་སུ༌གསོལ།།
* གསུང་མགུར་སོ་བརྒྱད༌པ།:11 འདིར་ཤ་ཉེ་གཉེན་འབྲེལ་རྣམས་ན་ཚ་ཡོད་པའི་མི་ལ་རྒྱང་བཀྱེད་ནས་སྡོད་པའི་རྒྱུ་མཚན་ནི་ཁོ་ཚོས་ན་ཚ་དེ་དཀོན་མཆོག་གི་ཉེས་ཆད་ཡིན་པར་འདོད་པ༌རེད།