གསུང་མགུར་སོ་དགུ༌པ།
སྡུག་བསྔལ་གྱིས་མནར་བ་རྣམས་ཀྱི་འགྱོད་བཤགས།
1 ༼དབུ་མཛད་ཡེ་དུ་ཐུན་ལ་སྤྲད་པའི་དཱ་བིད་ཀྱི་མགུར༌མ།༽ ངའི་ལྕེས་སྡིག་པ་མི་བྱེད༌ཕྱིར། །སོ་སོའི་སྤྱོད་པར་ཟོན་བྱེད༌ཅིང༌། །སྡིག་སྤྱོད་ངའི་མདུན་ཡོད་རིང༌དུ། །ཁ་རུ་སྲབ་ཅིག་བསྐོན་འོང༌སྨྲས།།
2 ང་ནི་ལྐུགས་ཤིང་ཁ་རོག༌བསྡད། །ཡིན་ཡང་དེ་ཡིས་ཅང་མ༌ཕན། །སྐྱོ་གདུང་རབ་ཏུ་ཆེ་རུ༌གྱུར།།
3 སེམས་ནི་རབ་ཏུ་འཚིག་པ༌དང༌། །ཞིབ་འདང་རྒྱག་དུས་མེ་འབར༌བྱུང༌། །དེ་ནས་ལྕེ་ཡིས་འདི་སྐད༌ཞུས།།
4 ང་ཡི་ཚེ་མཇུག་དང་ཚེ༌ཚད། །ཅི་ཡིན་ཡ་ཝཱེ་མངོན་པར༌མཛོད། །མི་ཚེ་ཐུང་བ་ཤེས་སུ༌གསོལ།།
5 ཁྱེད་ཀྱིས་བདག་གི་ཚེ་ལོ༌ནི། །མཐོ་གང་ཙམ་དུ་མཛད་པ༌དང༌། །ང་ཡི་མི་ཚེ་ཁྱེད་དྲུང༌དུ། །ཅི་ཡང་མིན་པའི་ཚུལ་དུ༌སྣང༌། །མི་རྣམས་བརྟན་འཇགས་ཡིན་དུས༌ཀྱང༌། །དབུགས་ཐེངས་གཅིག་ལས་མ་འདས༌སོ།།༼ སེ༌ལཱ། ༽
6 མི་ནི་འཕྲུལ་སྣང་བཞིན་དུ༌འགྲུལ། །བྲེལ་འཚུབ་ཆེ་ཡང་སྙིང་པོ་དབེན། །རྒྱུ་ནོར་བསོག་ཀྱང་སུས་ཁྱེར་མེད།།
7 གཙོ་བོ་ད་ངས་ཅི་ལ༌སྒུག །ཁྱེད་གཅིག་ཁོ་ནར་རེ་བ༌བྱེད།།
8 ང་ཡི་འགལ་སྐྱོན་ཀུན་ལས༌སྒྲོལ། །གླེན་པས་འཕྱ་བར་བདག་མ༌མཛད།།
9 ཁྱེད་ཀྱིས་དེ་བཞིན་མཛད་པས༌ན། །བདག་ནི་ལྐུགས་ཤིང་ཁ་མི༌གྲགས།།
10 ཁྱེད་ཀྱི་ལྕག་ཚན་ང་ནས༌ལོངས། །ཕྱག་གིས་རྡུང་བས་ང་ཚར༌རོ།།
11 ཉེས་པའི་ཕྱིར་དུ་མི་ལ༌ནི། །ཁྱེད་ཀྱིས་བཀྱོན་ཞིང་འཇུན་པ༌དང༌། །དེ་ཚོས་མཆོག་ཏུ་འཛིན་པ༌རྣམས། །མུག་པས་བཟས་པའི་གོས་ལྟར༌མཛད། །མི་ནི་དབུགས་ཐེངས་གཅིག་ཙམ༌མོ།།༼ སེ༌ལཱ། ༽
12 ཀྱེ་ཀྱེ་ཡ་ཝཱེ་ང་ཡི༌ནི། །སྨོན་ལམ་ལ་ནི་གསན་པར༌ཞུ། །འོ་དོད་འབོད་པ་གསན་པར༌མཛོད། །མཆི་མར་གཟིགས་ཤིང་ཞལ་མ༌རོག །ཕ་མེས་ནང་བཞིན་ང་རང༌ནི། །ཁྱེད་དྲུང་མགྲོན་དང་བྱེས་པ༌ཡིན།།
13 འདས་ནས་མེད་པར་མ་གྱུར༌སྔོན། །ང་རང་ཡང་བསྐྱར་སྤྲོ་བའི༌ཕྱིར། །ཐུགས་ཁྲོའི་སྤྱན་གྱིས་མི་གཟིགས༌རོགས།།