གསུང་མགུར་གྱ་གསུམ༌པ།
དགྲ་བོ་ཕམ་པར་བརྒྱག་ཕྱིར་དཀོན་མཆོག་ཡ་ཝཱེར་ཞུ་བ།
1 ༼ཨ་སབ་ཀྱི་མགུར༌མ།༽ ཀྱེ་ཀྱེ་དཀོན་མཆོག་ཞལ་རོག་མི་བཞུགས༌རོགས། །ཀྱེ་ཀྱེ་དཀོན་མཆོག་གསུང་ངག་མི་བསྡམ༌རོགས། །ལྷོད་དལ་ངང་ནས་བཞུགས་པར་མི་མཛད༌རོགས།།
2 གཟིགས་དང་ཁྱེད་ཀྱི་དགྲ་རྣམས་འུར་སྐད༌སྒྲོག །ཁྱེད་ལ་སྡང་བ་རྣམས་ཀྱིས་གྱེན་ལོག༌བྱེད།།
3 ཁྱེད་ཀྱི་འབངས་མི་ལ་ནི་འཚེ་བའི༌ཕྱིར། །དེ་ཚོས་གཡོ་སྒྱུའི་ཇུས་ངན་འདེབས་པ༌དང༌། །ཁྱེད་ཀྱི་སྦས་པའི་མི་ལ་གནོད་པའི༌ཕྱིར། །དེ་ཚོས་ཕན་ཚུན་བར་ལ་ངན་ཇུས༌ཤོམ།།
4 དེ་ཚོས་ཤོག་དང་ང་ཚོས་ཁོ་རྣམས༌ནི། །མི་རིགས་གཅིག་ཏུ་ལུས་པར་མི་བྱ༌ཞིང༌། །ཕྱིན་ཆད་ཡེས་ར་ཨེལ་གྱི་མིང་ཙམ༌ཡང༌། །མི་དྲན་ཕྱིར་དུ་ཚར་གཅོད་བྱ་ཞེས༌ཟེར།།
5 དེ་རྣམས་འགྲིག་མཐུན་ངང་ནས་གྲོས་བྱེད༌ཅིང༌། །ཁྱེད་ཉིད་འགོག་པར་ཕན་ཚུན་མནའ་འབྲེལ༌བྱེད།།
6 དེ་ནི་གུར་ནང་སྡོད་པའི་ཨེ་དོམ༌པ། །ཡེས་མ་ཨེལ་པ་དང་ནི་མོ་ཨབ༌པ། །ཧ་གར་པ་དང་བཅས་རྣམས་ཡིན་པ༌དང༌།།
7 གེ་བལ་དང་ནི་ཨམ་མོན་ཨ་མཱད༌ལེག །ཕེ་ལེ་ཤེད་དང་ཐཱར་གྱི་ཡུལ་མི༌བཅས།།
8 དེའི་ཁྲོད་ཨ་སུར་པ་ཡང་འདྲེས་ནས༌ནི། །ལོད་ཐུའི་བུ་ཚོའི་གྲོགས་སུ་གྱུར་པ༌འོ།།༼ སེ༌ལཱ། ༽
9 སི་སེ་རཱ་དང་ཡཱ་བིན་གཉིས་ལ༌ནི། །ཁི་ཤོན་གཙང་པོར་ཇི་ལྟར་མཛད་པ༌དང༌། །མིད་ཡཱན་པ་ལ་ཇི་ལྟར་མཛད་པ༌བཞིན། །ཁྱེད་ཀྱིས་དེ་ཚོར་དེ་བཞིན་མཛད་དུ༌གསོལ།།
10 དེ་རྣམས་ཨེན་དོར་ཡུལ་དུ་མེད་པར༌གྱུར། །ཐང་གི་ལྕི་བ་ལྟ་བུར་གྱུར་པ་འོ།།
11 ཁྱེད་ཀྱིས་དེ་ཚོའི་འགོ་འཛིན་པ་རྣམས༌ནི། །ཨོ་རེབ་དང་ནི་ཟེབ་ལྟར་མཛད་པ༌དང༌། །དེ་ཚོའི་རྒྱལ་སྲས་ཐམས་ཅད་ཟེ་བཱ༌དང༌། །ཚལ་མུན་ནཱ་དང་འདྲ་བར་མཛད་དུ༌གསོལ།།
12 དེ་ཚོས་འདི་བཞིན་སྨྲས་ཏེ་རང་ཅག༌གིས། །དཀོན་མཆོག་སྤང་ཐང་བདག་ཏུ་འཛིན་ཞེས༌སོ།།
13 ཀྱེ་ཀྱེ་ང་ཡི་དཀོན་མཆོག་མི་དེ༌རྣམས། །རླུང་འཚུབ་ནང་གི་ས་རྡུལ་འདྲ་བ༌དང༌། །རླུང་མདུན་ལྷགས་པའི་ཕུབ་མ་ལྟར་དུ༌མཛོད།།
14 མེ་ཡིས་ནགས་ཚལ་ཇི་ལྟར་སྲེག་པ༌དང༌། །མེ་ལྕེས་རི་རྣམས་ཇི་ལྟར་སྦར་བ༌བཞིན།།
15 ཁྱེད་ཀྱིས་དྲག་པོ་རླུང་གིས་དེ་རྣམས༌དེད། །རླུང་འཚུབ་ཆེན་པོས་དེ་རྣམས་འཇིགས་སུ༌ཆུགས།།
16 དེ་ཚོས་ཡ་ཝཱེ་ཁྱེད་ཀྱི་མཚན་འཚོལ༌ཕྱིར། །དེ་ཚོའི་གདོང་ལ་ངོ་ཚས་གང་བར༌མཛོད།།
17-18 ཡ་ཝཱེ་མཚན་ཅན་ཁྱེད་ཉིད་གཅིག་པུ༌དང༌། །ས་གཞི་ཀུན་ཏུ་བླ་མེད་ཁྱེད་ཡིན༌པ། །དེ་ཚོས་ཤེས་པར་འགྱུར་བའི་དོན་ཆེད༌དུ། །དེ་རྣམས་རྟག་ཏུ་སྐྱེངས་ཤིང་དངངས་པ༌དང༌། །ངོ་ཚ་དང་བཅས་ཁོ་རྣམས་སྟོངས་གྱུར༌ཅིག།