གསུང་མགུར་གྱ་བཞི༌པ།
དཀོན་མཆོག་ཡ་ཝཱེའི་གདན་སར་ཡིད་སྨོན་འཆོར་བ།
1 ༼བྱིན་རླབས་དང་བསྟོད༌བསྔགས། གཱད་པའི་དབྱངས་ནང་དབུ་མཛད་ལ་སྤྲད་པའི་ཀོ་རཱག་གི་བུ་རྣམས་ཀྱི་མགུར༌མ།༽ ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་ཡ་ཝཱེ། །ཁྱེད་ཀྱི་གདན་ས་ཇི་འདྲའི་མཛེས་པ༌ལ།།
2 བདག་སེམས་ཡ་ཝཱེའི་ཁྱམས་རར་དུངས་ནས་བརྒྱལ། །གཏན་དུ་གསོན་པོར་བཞུགས་པའི་དཀོན་མཆོག༌ལ། །ང་ཡི་ལུས་སེམས་གཉིས་ཀྱིས་དགའ་འབོད༌བྱེད།།
3 ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་ཡ་ཝཱེ། །ང་ཡི་རྒྱལ་པོ་ང་ཡི་དཀོན་མཆོག༌ལགས། །ཁྱེད་ཀྱི་མཆོད་ཁྲིའི་གམ་དུ་ཁང་བྱེའུ༌དང༌། །ཁུག་རྟ་སོགས་ཀྱིས་བྱེའུ་ཚང་བཟོ་བ༌བཞིན།།
4 ཁྱེད་ཀྱི་གདན་ས་གང་དུ་སྡོད་མཁན༌ཀུན། །བྱིན་རླབས་ཆེ་ཞིང་རྟག་ཏུ་ཁྱེད་ལ༌བསྟོད།།༼ སེ༌ལཱ། ༽
5 ཁྱེད་ལ་བརྟེན་ནས་སྟོབས་ཤུགས་མངའ་བ༌དང༌། །སེམས་སུ་ཛ་ཡན་ལམ་རྣམས་ཡོད་པ༌ནི། །བྱིན་རླབས་ཆེ་ཞིང་དགའ་སྤྲོའི་བདེ་བས༌ཁྱབ།།
6 མཆི་མའི་ལུང་པ་བརྒྱུད་ནས་འགྲོ་བ༌ན། །དེ་ནི་ཆུ་མིག་གནས་སུ་བསྒྱུར་བ༌དང༌། །སྟོན་ཁའི་ཆར་བས་ལུང་པ་ཡོངས་སུ༌བརྒྱན།།
7 ཛ་ཡན་ཡུལ་དུ་སྐྱོད་ཅིང་སྟོབས་ཤུགས༌རྒྱས། །དཀོན་མཆོག་ཞལ་རས་མཇལ་བའི་སྐལ་བ༌ཐོབ།།
8 ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་དཀོན་མཆོག །བདག་གི་གསོལ་འདེབས་ལ་ནི་གསན་པར༌ཞུ། །ཀྱེ་ཀྱེ་ཡ་ཀོབ་ཉིད་ཀྱི་དཀོན་མཆོག༌ལགས། །ཁྱེད་ཀྱིས་བདག་ལ་སྙན་དབང་གཏོད་པར༌མཛོད།།༼ སེ༌ལཱ། ༽
9 ཀྱེ་ཀྱེ་དཀོན་མཆོག་ང་ཚོའི་ཕུབ་དང༌ནི། །ཁྱེད་ཀྱིས་བྱུགས་པའི་གདོང་ལ་གཟིགས་པར༌མཛོད།།
10 ཁྱེད་ཀྱི་ར་བར་ཉིན་གཅིག་བསྡད་ན༌ཡང༌། །གཞན་དུ་ཉིན་ཞག་སྟོང་ཕྲག་བསྡད་པས༌ལེགས། །བདག་ནི་ངན་པའི་གུར་དུ་འདུག་པ༌ལས། །ཁྱེད་ཀྱི་གདན་སའི་སྒོ་ཁར་སྡོད་པ༌དགའ།།
11 ཅི་ལ་ཞེ་ན་ཡ་ཝཱེ་དཀོན་མཆོག༌ཉིད། །ཁྲི་གདུགས་ཉི་མ་དང་ནི་ཕུབ་ཀྱང༌ཡིན། །ཁོང་གིས་ཐུགས་རྗེ་གཟི་དཔལ་གནང་བ༌དང༌། །ཁོང་གིས་དྲང་པོར་སྤྱོད་པའི་མི་རྣམས༌ལ། །ཕན་ཡོན་གཅིག་ཀྱང་མ་ལུས་གནང་བ༌ཡིན།།
12 ཀྱེ་ཀྱེ་ཡ་ཝཱེ་དཔུང་ཚོགས་ཀྱི་ཡ་ཝཱེ། །ཁྱེད་ལ་ཡིད་རྟོན་བྱེད་མཁན་བྱིན་རླབས༌ཆེ།།