90
སྡེ་ཚན་བཞི་པ།
ཐོག་མཐའ་མེད་པའི་དཀོན་མཆོག་དང་མིའི་རིགས་ཀྱི་ཁྱད་པར།
1 ༼དཀོན་མཆོག་གི་སྐྱེས་བུ་མོ་ཤེའི་གསོལ༌འདེབས།༽ ཀྱེ་ཀྱེ་གཙོ་བོ་ཁྱེད་ཉིད་ངེད་རྣམས༌ཀྱི། །མི་རབས་ཀུན་ཏུ་སྐྱབས་གནས་ཡིན་ལགས༌སོ།།
2 རི་བོ་དག་ནི་མ་བྱུང་སྔོན་རོལ༌དང༌། །ས་དང་འཇིག་རྟེན་མ་བཀོད་ཡར་སྔོན༌ལ། །ཁྱེད་ཉིད་ཐོག་མཐའ་མེད་པའི་དཀོན་མཆོག༌ལགས།།
3 ཁྱེད་ཀྱིས་མི་རྣམས་རྡུལ་དུ་ཕྱིར་ལོག༌མཛད། །མི་ཡི་བུ་རྣམས་ཕྱིར་ལོག་ཅེས་སུ༌གསུངས།།
4 ཁྱེད་ཀྱི་གཟིགས་ངོར་ལོ་ངོ་སྟོང་ཕྲག༌ཅིག །ཉེ་ཆར་འདས་པའི་ཉིན་མོ་གཅིག་དང༌ནི། །མདང་གི་མཚན་ཐུན་གཅིག་དང་ཆ་མཚུངས༌སོ།།
5 ཁྱེད་ཀྱིས་ཁོ་རྣམས་ཆུ་ལོག་འཁུར་བཞིན༌མཛད། །ཁོ་རྣམས་རྨི་ལམ་ཞིག་དང་མཚུངས་པ༌དང༌། །ཞོགས་པར་གསར་དུ་སྐྱེས་པའི་རྩྭ་སྔོན༌འདྲ།།
6 ཞོགས་པར་མྱུ་གུ་འབུས་ནས་སྐྱེས་པ༌དང༌། །མཚན་མོའི་དུས་སུ་རྙིད་ནས་བསྐམས་པ༌འོ།།
7 ཁྱེད་ཉིད་ཐུགས་ཁྲོས་རྐྱེན་གྱིས་ངེད་རྣམས༌རྫོགས། །ཁྱེད་ཀྱི་ཐུགས་ཁྲོ་དབང་གིས་ངེད་རྣམས༌འཇིགས།།
8 ང་ཚོའི་ཉེས་སྐྱོན་ཁྱེད་ཀྱི་སྤྱན་སྔར༌བཤམས། །གསང་བའི་སྡིག་པ་ཞལ་མདངས་འོད་ལ༌དྲངས།།
9 ཁྱེད་ཀྱི་ཐུགས་ཁྲོའི་ནང་དུ་མི་ཚེ༌འདས། །ངེད་ཅག་མི་ཚེ་ཤུགས་རིང་འབྱིན་པ༌ཙམ།།
10 ངེད་རྣམས་ཚེ་ཚད་བགྲང་བྱ་བདུན་ཅུ༌འམ། །གཟུགས་སྟོབས་ཆེ་ན་བརྒྱད་ཅུའི་བར་དུ༌འཚོ། །མྱུར་དུ་ཡལ་ཞིང་ངེད་རྣམས་འཕུར་འགྲོ༌བས། །དཀའ་ལས་སྐྱོ་སྡུག་ཙམ་ལས་ངོམ་རྒྱུ༌མེད།།
11 ཁྱེད་ཀྱི་ཐུགས་ཁྲོའི་མཐུ་སྟོབས་སུ་ཡིས༌ཤེས། །ཁྱེད་ཉིད་གུས་ཤིང་འཇིགས་པར་འོས་པ༌བཞིན། །ཉིད་ཀྱི་ཐུགས་ཁྲོ་རྟོགས་མཁན་སུ་ཞིག༌ཡོད།།
12 རང་གི་ཚེ་ཚད་བརྩི་ཚུལ་སློབ་པར༌མཛོད། །ངེད་ཅག་སེམས་ལ་ཤེས་རབ་འཐོབ་ཀྱང་སྲིད།།
13 ནམ་དུས་བར་དུ་སྒུག་དགོས་ཀྱེ་ཡ༌ཝཱེ། །ཁྱེད་ཐུགས་འགྱོད་ཅིང་ཞབས་ཕྱིར་སྙིང་རྗེས༌གཟིགས།།
14 ཚེ་གང་དགའ་འབོད་བྱེད་ཅིང་སྐྱིད་པའི༌ཕྱིར། །ཁྱེད་ཀྱི་བྱམས་བརྩེས་ཞོགས་པར་ངེད་ཚིམ༌མཛོད།།
15 ངེད་རྣམས་སྡུག་ལ་སྦྱར་བའི་ཉིན་གྲངས༌དང༌། །དཀའ་ལས་མྱངས་པར་མཛད་པའི་ལོ་ཟླ༌བཞིན། །ཁྱེད་ཀྱིས་ངེད་ཅག་དགའ་མགུ་ཡི་རངས༌མཛོད།།
16 ཁྱེད་ཀྱི་འཕྲིན་ལས་ཉིད་ཀྱི་ཞབས་ཕྱི་དང༌། །གཟི་དཔལ་ཁོ་ཚོའི་བུ་རྒྱུད་རྣམས་ལ༌སྟོན།།
17 རང་རེའི་གཙོ་བོ་དཀོན་མཆོག་ཁོང་ཉིད༌ཀྱི། །གཟི་བྱིན་རང་ཅག་སྟེང་ལ་འབབ་གྱུར༌ཅིག །ངེད་རྣམས་ལག་གི་ལས་ཀ་གཏན་ཆགས༌མཛོད། །ལག་གི་ལས་ཀ་ཁྱེད་ཀྱིས་གཏན་ཆགས༌མཛོད།།