གསུང་མགུར་གོ་གཅིག༌པ།
རང་ཅག་ལ་སྲུང་སྐྱོབ་གནང་མཁན་དཀོན་མཆོག
1 བླ་མེད་དཀོན་མཆོག་སྐྱབས་སུ་འགྲོ་མཁན༌ནི། །ཀུན་དབང་ཉིད་ཀྱི་གྲིབ་བསིལ་འོག་ཏུ༌སྡོད།།
2 ཡ་ཝཱེའི་སྐོར་ལ་བདག་གིས་འདི་ལྟར༌སྨྲ། །ཁོང་ནི་བདག་གི་སྐྱབས་གནས་རི་རྫོང༌དང༌། །ང་ཡི་དཀོན་མཆོག་ང་ཡི་རྟེན་གཞི༌ཡིན།།
3 ཁོང་གིས་ཁྱོད་རང་བྱ་པའི་རྙི་རྒྱ༌དང༌། །འཆི་བྱེད་རིམས་ནད་སོགས་ལས་སྐྱོབ་པར༌འགྱུར།།
4 ཁོང་གིས་ཉིད་ཀྱི་གཤོག་སྒྲོས་ཁྱོད་འགེབས༌ཤིང༌། །ཁོང་གི་འདབ་གཤོག་འོག་ཏུ་སྐྱབས་གནས༌རྙེད། །ཁོང་གི་བདེན་པ་ཕུབ་དང་ལྕགས་རི༌ཡིན།།
5 ཁྱོད་ནི་མཚན་མོའི་འཇིགས་སྣང་གང་ཞིག༌དང༌། །ཉིན་མོར་འཕུར་བའི་མདའ་ལ་སྐྲག་མི༌དགོས།།
6 ཡང་ན་མཚན་མོར་རྒྱུ་བའི་རིམས་ནད༌དང༌། །ཉིན་གུང་འཇོམས་བྱེད་ནད་ལའང་འཇིགས་མི༌དགོས།།
7 ཁྱོད་ཀྱི་ལོགས་སུ་མི་གྲངས་ཆིག་སྟོང༌དང༌། །གཡས་སུ་མི་གྲངས་ཆིག་ཁྲི་འགྱེལ་ན༌ཡང༌། །ཆག་སྒོ་དེ་ནི་ཁྱོད་ལ་ཐེབས་མི༌འགྱུར།།
8 མི་ངན་དག་ལ་ཉེས་ཆད་ཕོག་པ༌ནི། །ཁྱོད་ཀྱི་མིག་གིས་དངོས་སུ་མཐོང་བར༌འགྱུར།།
9 བདག་གི་སྐྱབས་གནས་ལགས་པའི་ཡ་ཝཱེ༌སྟེ། །བླ་ན་མེད་པའི་དཀོན་མཆོག་ཁོང་ཉིད༌ནི། །ཁྱོད་ཀྱིས་རང་གི་སྡོད་སའི་གནས་བྱས༌པས།།
10 ཁྱོད་ལ་བར་ཆད་གང་ཡང་འབྱུང་མི༌སྲིད། །གནོད་པ་ཁྱོད་ཀྱི་གུར་ལ་བཏུད་མི༌ནུས།།
11 ཁོང་གིས་ཉིད་ཀྱི་ཕོ་ཉར་བཀའ་གནང༌སྟེ། །བགྲོད་ལམ་ཀུན་ཏུ་ཁྱོད་རང་བསྲུང་བར༌འགྱུར།།
12 ཁྱོད་ཀྱི་རྐང་པ་རྡོ་ལ་མི་ཐོགས༌ཕྱིར། །ཕོ་ཉའི་ཕྱག་གིས་ཁྱོད་རང་འདེགས་པར༌བྱ།།
13 ཁྱོད་རང་སེང་གེ་དུག་སྦྲུལ་སྟེང་དུ༌སྤོ། །སེང་དར་དང་ནི་དུག་སྦྲུལ་བརྫི་བར༌བྱ།།
14 དཀོན་མཆོག་ཉིད་ཀྱིས་འདི་སྐད་གསུངས་པ༌སྟེ། །ཁོ་ནི་བདག་ལ་རྩེ་གཅིག་གིས་དུངས༌པས། །བདག་གིས་ཁོ་ནི་སྐྱོབ་པར་བྱེད་པ༌དང༌། །ཁོ་ཡིས་བདག་གི་མིང་ཡང་ཤེས་པས༌ན། །བདག་གིས་ཁོ་ནི་ནམ་ཡང་བསྲུང་བར༌འགྱུར།།
15 ཁོ་ཡིས་བདག་ལ་ཞུས་ན་ལན་འདེབས་ཤིང་། །དཀའ་སྡུག་ཁྲོད་དུ་ཁོ་དང་མཉམ་དུ༌ཡོད། །ཁོ་རང་བསྐྱབས་ནས་བཀུར་སྟི་འཐོབ་པར༌བྱ།།
16 བདག་གིས་ཁོ་ནི་ཚེ་ཐག་རིང་བར༌བྱ། །བདག་གི་ཐར་པ་ཁོ་ལ་སྟོན་པར༌བྱ།།