ལེའུ་ཉེར་དགུ་པ།
མཆོད་ཁང་བཞེང་ཆེད་ཕུལ་བའི་ལེགས་སྐྱེས།
1 རྒྱལ་པོ་དཱ་བིད་ཀྱིས་མི་ཚོགས་ཐམས་ཅད་ལ་འདི་ལྟར། ངའི་བུ་སོ་ལོ་མོན་ནི་དཀོན་མཆོག་གིས་བདམས་པ་དང་། ཁོ་རང་ལོ་ན་ཕྲ་ཞིང་ཤེས་རྒྱ་ཆུང་ཡང་ལས་ཀ་འདི་ནི་ཧ་ཅང་ཆེ་བ་སྟེ། མཆོད་ཁང་འདི་ནི་མི་ཡི་དོན་དུ་མ་ཡིན་ལ། དཀོན་མཆོག་ཡ་ཝཱེའི་དོན་དུ་ཡིན་པས་སོ། །
2 དཀོན་མཆོག་གི་མཆོད་ཁང་གི་དོན་དུ་ངས་རང་གི་ནུས་པ་ཡོད་ཚད་བཏོན་ནས། གསེར་ཆས་ཀྱི་ཕྱིར་དུ་གསེར་དང་། དངུལ་ཆས་ཀྱི་ཕྱིར་དུ་དངུལ་དང་། ལི་ཆས་ཀྱི་ཕྱིར་དུ་ལི་དང་། ལྕགས་ཆས་ཀྱི་ཕྱིར་དུ་ལྕགས་དང་། ཤིང་ཆས་ཀྱི་ཕྱིར་དུ་ཤིང་དང་། རྟ་ཀླད་དམར་པོ་དང་། ཕྲ་འདེབ་པར་རྡོ་རྗེ་ཕ་ལམ་དང་། ཚོན་རྡོ་དང་། རྡོ་བ་རིན་པོ་ཆེའི་རིགས་སྣ་ཚོགས་དང་། རྡོ་ཀ་མ་རུ་བཅས་མོད་པོ་བཤམས་པ་ཡིན།
3 དེར་མ་ཟད་ང་རང་དཀོན་མཆོག་གི་མཆོད་ཁང་ལ་ཤིན་ཏུ་དགའ་བས། མཆོད་ཁང་དམ་པ་དེའི་དོན་དུ་བཤམས་པ་ཐམས་ཅད་ཀྱི་ཁར། ངས་རང་གིས་བསགས་པའི་གསེར་དངུལ་ཡང་དཀོན་མཆོག་གི་མཆོད་ཁང་གི་ཕྱིར་ཕུལ་བ་སྟེ།
4 མཆོད་ཁང་ནང་གི་རྩིག་པ་རྣམས་ལ་བྱུག་པའི་ཕྱིར་དུ་ཨོ་ཕིར་གྱི་གསེར་རྡོ་ཚད་སུམ་སྟོང་དང་། དངུལ་རྐྱང་རྡོ་ཚད་བདུན་སྟོང་ཕུལ་ཡོད་དོ། །
5 ཡང་གསེར་ནི་གསེར་ཆས་ཀྱི་ཕྱིར་དང་། དངུལ་ནི་དངུལ་ཆས་ཀྱི་ཕྱིར་དང་། ལག་ཤེས་པ་རྣམས་བརྒྱུད་ནས་བཟོ་རྒྱུའི་བཟོ་ལས་ཀུན་གྱི་ཕྱིར་ཡིན་ཏེ། དེ་རིང་སུ་ཞིག་གིས་རང་ཉིད་དཀོན་མཆོག་ཡ་ཝཱེ་ལ་འབུལ་བར་འདོད་དམ་ཞེས་དྲིས་པས།
6 ཁྱིམ་རྒྱུད་སོ་སོའི་འགོ་དཔོན་དང་། ཡེས་ར་ཨེལ་གྱི་ཚོ་པ་ཁག་གི་ཚོ་དཔོན་དང་། སྟོང་དཔོན། བརྒྱ་དཔོན། རྒྱལ་པོའི་ལས་དོན་གཉེར་མཁན་གྱི་འགོ་དཔོན་ཐམས་ཅད་ཀྱིས་དགའ་མོས་ངང་ཕུལ་ཏེ།
7 དེ་ཐམས་ཅད་ཀྱིས་དཀོན་མཆོག་གི་མཆོད་ཁང་གི་ལས་ཀའི་ཕྱིར་གསེར་རྡོ་ཚད་ལྔ་སྟོང་དང་། གསེར་གྱི་དོང་ཙེ་ཆིག་ཁྲི། དངུལ་རྡོ་ཚད་ཆིག་ཁྲི། ལི་རྡོ་ཚད་ཆིག་ཁྲི་བརྒྱད་སྟོང་། ལྕགས་རྡོ་ཚད་ཆིག་འབུམ་བཅས་ཕུལ་ཞིང་།
8 ཡང་རིན་པོ་ཆེ་ཡོད་པ་དག་གིས་གེར་ཤོན་པ་ཡེ་ཧི་ཨེལ་བརྒྱུད་ནས་དཀོན་མཆོག་ཡ་ཝཱེའི་མཆོད་ཁང་གི་དཀོར་མཛོད་དུ་ཕུལ་ཏོ། །
9 མི་འདི་རྣམས་ཀྱིས་རང་མོས་ངང་ཕུལ་བས་མི་ཐམས་ཅད་དགའ་བ་སྟེ། ཅི་ལ་ཞེ་ན། ཁོ་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་དགའ་མོས་ངང་དཀོན་མཆོག་ཡ་ཝཱེ་ལ་ཕུལ་བའོ། །རྒྱལ་པོ་དཱ་བིད་ཀྱང་རབ་ཏུ་དགའ་བར་གྱུར་ཏོ། །
དཱ་བིད་ཀྱིས་ཡ་ཝཱེ་ལ་བསྟོད་པ་འབུལ་བ།
10 དེ་ནས་དཱ་བིད་ཀྱིས་མི་ཚོགས་ཡོངས་ཀྱི་མདུན་དུ་དཀོན་མཆོག་ཡ་ཝཱེ་ལ་བསྟོད་ཅིང་འདི་ལྟར། བདག་ཅག་གི་ཡབ་མེས་ཡེས་ར་ཨེལ་གྱི་དཀོན་མཆོག་ཡ་ཝཱེ་ནི་རྒྱུན་ནས་རྒྱུན་དུ་བསྟོད་འོས་པ་ཡིན།
11 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། མཆོག་གྱུར་དང་ནུས་མཐུ། གཟི་བརྗིད། རྒྱལ་ཁ། བརྗིད་ཉམས་བཅས་ཐམས་ཅད་ཁྱེད་ཀྱི་ཡིན། ཅི་ལ་ཞེ་ན། གནམ་ས་གཉིས་ལ་ཅི་ཡོད་པ་ཐམས་ཅད་ཁྱེད་ཀྱི་ཡིན་ནོ། །ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། རྒྱལ་སྲིད་ནི་ཁྱེད་ཀྱི་ཡིན། ཁྱེད་ནི་བླ་ན་མེད་པ་ཉིད་དང་ཐམས་ཅད་ལས་མཐོ་བ་ཡིན།
12 ཕུན་ཚོགས་དང་བཀུར་སྟི་ཁྱེད་ལས་བྱུང་ཞིང་། ཁྱེད་ཀྱིས་ཡོད་ཚད་ལ་སྲིད་མཛད་དེ། ཁྱེད་ཀྱི་ཕྱག་ཏུ་མཐུ་སྟོབས་དང་དབང་ཐང་མངའ། ཁྱེད་ཀྱི་ཕྱག་གིས་མི་ལ་བཀུར་སྟི་དང་སྟོབས་ཤུགས་གནང་བ་ཡིན།
13 ཀྱེ་ངེད་ཅག་གི་དཀོན་མཆོག་ལགས། ད་ནི་ངེད་ཅག་གིས་ཁྱེད་ལ་བསྟོད་པ་འབུལ། ཁྱེད་ཀྱི་གཟི་བརྗིད་ལྡན་པའི་མཚན་ལ་བསྟོད་བསྔགས་བརྗོད།
14 འདི་ལྟར་དགའ་མོས་ངང་འབུལ་བ་འབུལ་ཐུབ་པས་ང་ནི་སུ་ཡིན་ནམ། ངའི་མི་མང་ཡང་ཅི་ཡིན་ནམ། ཅི་ལ་ཞེ་ན། དངོས་པོ་ཐམས་ཅད་ཁྱེད་ནས་བྱུང་ཞིང་། ངེད་ཅག་གིས་ཁྱེད་ཀྱི་ཕྱག་ནས་གང་ཞིག་ཐོབ་པ་དེ་ཁྱེད་ལ་ཕུལ་བ་ཡིན།
15 ངེད་ཅག་ནི་རང་གི་ཕ་མེས་དང་འདྲ་བར་ཁྱེད་ཀྱི་དྲུང་དུ་མགྲོན་པོ་དང་ཕྱི་མི་ཡིན་ལ། ངེད་ཅག་གི་ས་གཞི་སྟེང་གི་མི་ཚེ་ནི་གྲིབ་གཟུགས་དང་འདྲ་བར་རེ་བ་ཅི་ཡང་མེད།
16 ཀྱེ་ངེད་ཅག་གི་དཀོན་མཆོག་ཡ་ཝཱེ་ལགས། ངེད་ཅག་གིས་བཤམས་པའི་ནོར་རྫས་འདི་ཐམས་ཅད་ནི་ཁྱེད་ཀྱི་མཚན་དམ་པའི་ཆེད་དུ་མཆོད་ཁང་ཞིག་བཞེང་བའི་ཕྱིར་ཡིན་ལ། ཐམས་ཅད་ཁྱེད་ནས་བྱུང་ཞིང་ཚང་མ་ཁྱེད་ལ་དབང་བ་ཡིན།
17 ཀྱེ་ང་ཡི་དཀོན་མཆོག་ལགས། ཁྱེད་ཀྱིས་མི་སེམས་ལ་ཞིབ་དཔྱོད་མཛད་དེ་དྲང་པོ་ལ་ཐུགས་མཉེས་པ་ངས་ཤེས་ཏེ། ངས་བློ་སེམས་དྲང་པོས་དགའ་མོས་ངང་འདི་ཐམས་ཅད་ཕུལ་བ་ཡིན། ཡང་འདིར་འཛོམས་པའི་ཁྱེད་ཀྱི་འབངས་མིས་ཀྱང་དགའ་མོས་ངང་ཁྱེད་ལ་འབུལ་བ་མཐོང་བས་ང་རང་རབ་ཏུ་དགའོ། །
18 ཀྱེ་ངའི་མེས་པོ་ཨབ་ར་ཧམ་དང་། ཨི་སཱག་དང་། ཡེས་ར་ཨེལ་བཅས་ཀྱི་དཀོན་མཆོག་ཡ་ཝཱེ་ལགས། ཁྱེད་ཀྱིས་མི་འདི་རྣམས་ཀྱི་སེམས་སུ་དུས་རྒྱུན་དུ་འདུན་པ་དང་བསམ་པ་འདི་འཇོག་པར་མཛོད། དེ་དག་གི་སེམས་ཁྱེད་ཀྱི་ཕྱོགས་སུ་བརྟན་པར་མཛོད།
19 ཡང་ངའི་བུ་སོ་ལོ་མོན་གྱིས་ཁྱེད་ཀྱི་བཀའ་རྒྱ་དང་དཔང་ཡིག སྒྲིག་ཁྲིམས་བཅས་ཐམས་ཅད་བསྲུང་བ་དང་། དོན་འདི་ཐམས་ཅད་འགྲུབ་པར་བྱེད་ཅིང་། ངས་བཤམས་པ་ཐམས་ཅད་ཀྱིས་མཆོད་ཁང་དེ་བཞེང་བའི་ཕྱིར་དུ། ཁོ་ལ་བསམ་པ་རྩེ་གཅིག་གནང་བར་མཛོད་ཅིག་ཅེས་གསོལ་བ་བཏབ་པའོ། །
20 དཱ་བིད་ཀྱིས་མི་ཚོགས་ཡོངས་ལ་འདི་ལྟར། ཁྱོད་རྣམས་ཀྱིས་རང་གི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་པ་འབུལ་འོས་སོ་ཞེས་གསུངས་པ་ལ། མི་ཚོགས་ཡོངས་ཀྱིས་རང་གི་ཡབ་མེས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་བསྟོད་བསྔགས་བརྗོད་ཅིང་། མགོ་བསྒུར་ཏེ་ཡ་ཝཱེ་དང་རྒྱལ་པོ་གཉིས་ལ་ཕྱག་བཙལ་ཏོ། །
སོ་ལོ་མོན་ལ་སྣུམ་གྱིས་བྱུགས་ནས་རྒྱལ་པོར་བསྐོས་པ།
21 ཉིན་དང་པོར་ཁོ་རྣམས་ཀྱིས་དཀོན་མཆོག་ཡ་ཝཱེ་ལ་མཆོད་པ་ཕུལ་ཞིང་། དེའི་ཕྱི་ཉིན་དཀོན་མཆོག་ཡ་ཝཱེ་ལ་སྦྱིན་སྲེག་གི་མཆོད་པར་བ་གླང་ཆིག་སྟོང་དང་། ལུག་ཐུག་ཆིག་སྟོང་། ལུ་གུ་ཆིག་སྟོང་བཅས་དང། དེ་དག་དང་མཉམ་དུ་འབུལ་བའི་སྐྱེམས་མཆོད་ཕུལ་ཞིང་། ཡང་ཡེས་ར་ཨེལ་པ་ཀུན་གྱི་ཕྱིར་མཆོད་པ་རྒྱ་ཆེན་པོ་ཞིག་ཕུལ་ཏོ། །
22 ཉིན་མོ་དེ་ལ་མི་ཚོགས་རབ་ཏུ་དགའ་ཞིང་དཀོན་མཆོག་ཡ་ཝཱེའི་དྲུང་དུ་བཟའ་བཏུང་ལ་རོལ། ཡང་ཁོ་རྣམས་ཀྱིས་དཱ་བིད་ཀྱི་སྲས་སོ་ལོ་མོན་ཡང་བསྐྱར་རྒྱལ་པོར་བསྐོས་པ་དང་། དཀོན་མཆོག་ཡ་ཝཱེའི་དྲུང་དུ་ཁོ་རང་དབང་སྒྱུར་མཁན་དུ་བྱུགས་པ་དང་། ཟཱ་ཏོག་མཆོད་དཔོན་དུ་བྱུགས་སོ། །
23 དེ་ལྟར་སོ་ལོ་མོན་ནི་དཀོན་མཆོག་ཡ་ཝཱེས་གནང་བའི་རྒྱལ་ཁྲིར་བཞུགས་ཤིང་རང་གི་ཡབ་དཱ་བིད་ཀྱི་ཚབ་ཏུ་རྒྱལ་པོར་བཞུགས། དོན་ཀུན་ལྷུན་གྱིས་གྲུབ་ཅིང་ཡེས་ར་ཨེལ་པ་ཀུན་གྱིས་ཁོང་གི་བཀའ་ལ་མཉན་པའོ། །
24 འགོ་དཔོན་དང་དཔའ་བོ་ཐམས་ཅད་དང་། རྒྱལ་པོ་དཱ་བིད་ཀྱི་སྲས་ཀུན་གྱིས་རྒྱལ་པོ་སོ་ལོ་མོན་གྱི་བཀའ་ལ་མཉན་ཏོ། །
25 ཡང་དཀོན་མཆོག་ཡ་ཝཱེས་ཡེས་ར་ཨེལ་པ་ཡོངས་ཀྱི་མཐོང་ངོར་སོ་ལོ་མོན་རབ་ཏུ་ཆེ་བར་མཛད་ཅིང་། ཁོང་ལ་རྒྱལ་པོའི་རྔམ་བརྗིད་བསྩལ་པ་ནི་ཁོང་གི་ཡར་སྔོན་གྱི་ཡེས་ར་ཨེལ་གྱི་རྒྱལ་པོ་ཐམས་ཅད་ལས་ཀྱང་ལྷག་པའོ། །
དཱ་བིད་སྐུ་གཤེགས་པ།
26 དེ་ཡང་ཡེ་སེའི་བུ་དཱ་བིད་ནི་ཡེས་ར་ཨེལ་ཐམས་ཅད་ཀྱི་རྒྱལ་པོར་བཞུགས་པ་དང་།
27 ཁོང་གིས་བསྡོམས་པས་ལོ་བཞི་བཅུའི་རིང་ཡེས་ར་ཨེལ་ལ་རྒྱལ་སྲིད་བསྐྱངས་པ་སྟེ། ཧེབ་རོན་དུ་ལོ་བདུན་དང་ཡེ་རུ་སཱ་ལེམ་དུ་ལོ་སུམ་ཅུ་སོ་གསུམ་ལ་སྲིད་བསྐྱངས་པ་ཡིན་ནོ། །
28 དེ་ནས་ཁོང་ལོ་ན་བགྲེས་ཤིང་ཚེ་ལོ་མཐར་ཕྱིན་པ་དང་། ནོར་དང་བཀུར་སྟིས་ཆོག་པར་གྱུར་ནས་སྐུ་གཤེགས་ཏེ། ཁོང་གི་སྲས་སོ་ལོ་མོན་གྱིས་ཁོང་གི་རྒྱུན་མཐུད་ནས་རྒྱལ་སྲིད་བསྐྱངས་སོ། །
29 རྒྱལ་པོ་དཱ་བིད་ཀྱི་མཛད་པ་སྔ་ཕྱི་རྣམས་ནི་མངོན་ཤེས་པ་སཱ་མུ་ཨེལ་གྱི་གླེགས་བམ་དང་། ལུང་སྟོན་པ་ནཱ་ཐན་གྱི་གླེགས་བམ་དང་། མངོན་ཤེས་པ་གཱ་རྡུ་ཡི་གླེགས་བམ་ནང་དུ་ཡི་གེར་བཀོད་ཡོད།
30 ཡང་ཁོང་གིས་བསྐྱངས་པའི་རྒྱལ་སྲིད་དང་། དཔའ་མཛངས་ལྡན་པའི་མཛད་རྗེས་རྣམས་དང་། ཁོང་རང་སྟེང་དང་ཡེས་ར་ཨེལ་དང་ཡུལ་སོ་སོའི་རྒྱལ་ཁམས་ཁག་ཏུ་བྱུང་བའི་བྱ་བ་རྣམས་ཀྱང་བཀོད་ཡོད་དོ།། །།