༄༅། །སྔོན་རབས་ཀྱི་མདོ་གཉིས་པ།
སྔོན་རབས་ཀྱི་མདོ་གཉིས་པའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
སྔོན་རབས་ཀྱི་མདོ་དང་པོའི་ངོ་སྤྲོད་ལ་གཟིགས་རོགས།
ཡི་གེར་འགོད་མཁན་དང་འགོད་དུས།
སྔོན་རབས་ཀྱི་མདོ་དང་པོའི་ངོ་སྤྲོད་ལ་གཟིགས་རོགས།
བརྗོད་སྙིང་དང་གསུང་འཕྲིན།
སྔོན་རབས་གཉིས་པའི་ནང་དུ་དཱ་བིད་ཀྱི་རྒྱལ་རྒྱུད་སྐོར་མུ་མཐུད་དུ་བཀོད་ཡོད་པར་མ་ཟད། དེའི་ནང་དུ་སྔོན་རབས་དང་པོ་དང་འདྲ་བར་མི་དང་དཀོན་མཆོག་བར་གྱི་འབྲེལ་བ་ནི་ཤིན་ཏུ་གལ་ཆེན་ཡིན་པར་ཡང་བསྟན་ཡོད། ཡི་གེར་འགོད་མཁན་གྱིས་རྒྱལ་པོ་རྣམས་ཀྱི་ལོ་རྒྱུས་ཡི་གེར་འགོད་དུས། དེ་དག་དཀོན་མཆོག་ལ་བློ་དཀར་མིན་རྩ་བར་བཟུང་ནས། རྒྱལ་པོ་ངན་པ་རྣམས་ཀྱིས་བསྐྱངས་པའི་སྲིད་དབང་སྐོར་མདོར་བསྡུས་ཙམ་བཀོད་ཡོད་པ་དང་། རྒྱལ་པོ་བཟང་པོ་རྣམས་ཀྱིས་སྲིད་བསྐྱངས་པའི་སྐོར་ཞིབ་འབྲི་བྱས་ཡོད།
འཆར་ཟིན།
1. སོ་ལོ་མོན་གྱིས་བསྐྱངས་པའི་སྲིད་དབང་སྐོར། ༼1:1-9:31༽
2. ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་སྐོར། ༼10:1-36:14༽
3. ཡེ་རུ་སཱ་ལེམ་གྲོང་ཁྱེར་ལ་འཕྲོག་བཅོམ་ཐེབས་པའི་སྐོར། ༼36:15-23༽
ལེའུ་དང་པོ།
སོ་ལོ་མོན་གྱིས་ཤེས་རབ་གནང་བར་གསོལ་བ་བཏབ་པ།
1 དེ་ཡང་དཱ་བིད་ཀྱི་སྲས་སོ་ལོ་མོན་གྱིས་རང་ཉིད་ཀྱི་རྒྱལ་སྲིད་བརྟན་པོར་མཛད་ཅིང་། ཁོའི་དཀོན་མཆོག་ཡ་ཝཱེ་ནི་ཁོ་དང་མཉམ་དུ་བཞུགས་པ་དང་། སོ་ལོ་མོན་མཆོག་ཏུ་གྱུར་བར་མཛད།
2 དེ་ནས་སོ་ལོ་མོན་གྱིས་ཡེས་ར་ཨེལ་ཡོངས་ཏེ། སྟོང་དཔོན་དང་བརྒྱ་དཔོན། ཁྲིམས་དཔོན། ཡེས་ར་ཨེལ་གྱི་འགོ་དཔོན་སོ་སོ་དང་ཁྱིམ་རྒྱུད་ཡོངས་ཀྱི་འགོ་དཔོན་རྣམས་ལ་བཀའ་ཕབ་ཅིང་།
3 སོ་ལོ་མོན་གྱིས་མི་ཚོགས་ཐམས་ཅད་གིབ་ཡོན་གྱི་མཐོ་གླིང་དུ་ཁྲིད་པ་རེད། ཅིའི་ཕྱིར་ཞེ་ན། དཀོན་མཆོག་ཡ་ཝཱེའི་ཞབས་ཕྱི་མོ་ཤེ་ཡིས་དབེན་སྟོང་དུ་བཟོས་པའི་དཀོན་མཆོག་གི་མཇལ་འཕྲད་གུར་མཆོག་ནི་གནས་དེར་ཡོད་པས་སོ། །
4 འོན་ཀྱང་དཱ་བིད་ཀྱིས་དཀོན་མཆོག་གི་ཞལ་ཆད་ཀྱི་ཤུར་སྒམ་ནི་ཀིར་ཡཱད་ཡེ་ཨ་རིམ་ནས་ཡར་གདན་དྲངས་ཏེ་སྟ་གོན་བྱས་པའི་གནས་སུ་བཞག གང་ལ་ཞེ་ན། ཁོང་གིས་ཡེ་རུ་སཱ་ལེམ་ནས་དེའི་ཕྱིར་དུ་གུར་ཞིག་ཕུབ་ཡོད་པས་སོ། །
5 གཞན་ཡང་། ཧུ་རཱའི་ཚ་བོ་སྟེ་ཨོའུ་རེལ་གྱི་བུ་པི་ཟིད་ཨེལ་གྱིས་བཟོས་པའི་ལི་ཡི་མཆོད་ཁྲི་དེ་ཡང་གིབ་ཡོན་གྱི་དཀོན་མཆོག་ཡ་ཝཱེའི་གུར་མཆོག་གི་དྲུང་དུ་བཞག་ཡོད་ལ། སོ་ལོ་མོན་དང་མི་ཚོགས་རྣམས་གནས་དེར་གསོལ་བ་འདེབས་སུ་ཕྱིན།
6 སོ་ལོ་མོན་ནི་ཡར་དཀོན་མཆོག་ཡ་ཝཱེའི་མཇལ་འཕྲད་གུར་མཆོག་དྲུང་གི་ལི་ཡི་མཆོད་ཁྲིའི་རྩར་སོང་ནས། མཆོད་ཁྲིའི་སྟེང་དུ་ཕྱུགས་ཆིག་སྟོང་སྦྱིན་སྲེག་གི་མཆོད་པར་ཕུལ།
7 མཚན་མོ་དེར་དཀོན་མཆོག་ཉིད་ནི་སོ་ལོ་མོན་ལ་མངོན་པར་གྱུར་ནས་འདི་སྐད་དུ། ཁྱོད་ཀྱིས་ཅི་ཞུས་ཀྱང་བདག་གིས་ཁྱོད་ལ་སྦྱིན་ངེས་ཡིན་ཞེས་གསུངས་པ་ལ།
8 སོ་ལོ་མོན་གྱིས་དཀོན་མཆོག་ལ། ཁྱེད་ཀྱིས་ངའི་ཕ་དཱ་བིད་ལ་བྱམས་བརྩེ་ཆེན་པོ་གནང་སྟེ། ང་རང་ཁོང་གི་ཚབ་ཏུ་རྒྱལ་པོར་མཛད་བྱུང་།
9 ཀྱེ་དཀོན་མཆོག་ཡ་ཝཱེ་ལགས། ད་ལྟ་ཁྱེད་ཀྱིས་བདག་གི་ཕ་དཱ་བིད་ལ་ཞལ་བཞེས་གནང་བ་དེ་འགྲུབ་པར་མཛོད་ཅིག ཅི་ལ་ཞེ་ན། ཁྱེད་ཀྱིས་ང་རང་རྒྱལ་པོར་བསྐོས་ཤིང་ས་སྟེང་གི་རྡུལ་ཕྲན་ལྟར་མང་བའི་མི་འདི་རྣམས་ལ་དབང་སྒྱུར་དུ་མཛད་པས་སོ། །
10 ད་ནི་ཁྱེད་ཀྱིས་བདག་ལ་ཤེས་རབ་དང་ཤེས་ཡོན་གནང་ནས་བདག་གིས་མི་འདི་རྣམས་ལ་སྣེ་ཁྲིད་བྱེད་ཐུབ་པར་མཛོད་ཅིག དེ་ལྟར་མ་བྱས་ཚེ་སུ་ཞིག་གིས་ཁྱེད་ཀྱི་མི་འདི་འདྲ་མང་པོར་བདག་སྐྱོང་བྱེད་ནུས་སམ་ཞེས་ཞུས་པ་དང་།
11 དཀོན་མཆོག་གིས་སོ་ལོ་མོན་ལ་འདི་སྐད་དུ། ཁྱོད་ལ་བསམ་འདུན་འདི་ལྟ་བུ་ཡོད་པ་སྟེ། འབྱོར་ཕྱུག་དང་རྒྱུ་ནོར། བཀུར་བསྟི་བཅས་ཀྱི་ཕྱིར་མ་ཞུས་ལ། རང་གི་དགྲ་ཡི་སྲོག་གཅོད་པར་ཡང་མ་ཞུས་ཏེ། ཚེ་ཐག་རིང་པོའི་ཕྱིར་ཡང་མ་ཞུས་པར། བདག་གི་འབངས་མི་སྟེ་ངས་ཁྱོད་རང་རྒྱལ་པོར་བསྐོས་ནས་དབང་སྒྱུར་དགོས་པའི་མི་རྣམས་ལ་བདག་སྐྱོང་བྱེད་པའི་ཆེད་དུ་ཤེས་རབ་དང་ཤེས་ཡོན་ཞུས་པས།
12 ངས་ཁྱོད་ལ་ཤེས་རབ་དང་ཤེས་ཡོན་སྦྱིན་པར་མ་ཟད། འབྱོར་ཕྱུག་དང་རྒྱུ་ནོར། བཀུར་བསྟི་བཅས་ཀྱང་སྦྱིན་པར་བྱ། ཁྱོད་ཀྱི་སྔོན་རོལ་གྱི་རྒྱལ་པོ་གང་ལ་ཡང་དེ་འདྲ་མེད་པ་དང་། ཁྱོད་ཀྱི་རྗེས་ཕྱོགས་སུ་ཡང་དེ་འདྲ་འབྱོར་བར་མི་འགྱུར་ཞེས་གསུངས།
13 དེ་ནས་སོ་ལོ་མོན་ནི་གིབ་ཡོན་གྱི་མཐོ་གླིང་གི་མཇལ་འཕྲད་གུར་མཆོག་གི་དྲུང་ནས་ཕྱིར་ཡེ་རུ་སཱ་ལེམ་དུ་ལོག་སྟེ། ཡེས་ར་ཨེལ་ལ་དབང་བསྒྱུར་བའོ། །
14 ཡང་སོ་ལོ་མོན་གྱིས་ཤིང་རྟ་དང་སྐྱ་དམག་རྣམས་བསྡུས་པ་སྟེ། ཁོང་ལ་ཤིང་རྟ་ཆིག་སྟོང་བཞི་བརྒྱ་དང་། སྐྱ་དམག་ཆིག་ཁྲི་ཉིས་སྟོང་ཡོད་པ་ཡིན། ཁོང་གིས་དེ་རྣམས་ཤིང་རྟའི་གྲོང་ཁྱེར་རྣམས་དང་ཡེ་རུ་སཱ་ལེམ་དུ་རྒྱལ་པོའི་དྲུང་དུ་བཞག
15 རྒྱལ་པོས་ཡེ་རུ་སཱ་ལེམ་དུ་གསེར་དངུལ་ནི་རྡོ་ལྟར་མོད་པ་དང་། ཐང་ཤིང་ནི་རི་ཀླུང་དུ་སྐྱེས་པའི་འོ་སེ་ཤིང་ལྟར་མོད་པར་མཛད།
16 སོ་ལོ་མོན་གྱི་རྟ་རྣམས་ནི་ཨེ་ཅིབ་དང་ཀི་ཝེ་ཡུལ་ནས་དྲངས་པ་སྟེ། རྒྱལ་པོའི་ཚོང་པ་དག་གིས་ཀི་ཝེ་ཡུལ་ནས་རིན་གོང་ལྟར་ཉོས་འོངས་པ་ཡིན།
17 དེ་དག་གིས་ཨེ་ཅིབ་ཡུལ་ནས་ཉོས་པའི་ཤིང་རྟ་དག་གི་རིན་ནི་རེ་རེར་དངུལ་སྲང་དྲུག་བརྒྱ་ཡིན་པ་དང་། རྟ་རེ་རེར་དངུལ་སྲང་བརྒྱ་དང་ལྔ་བཅུ་ཡིན། ཧེད་པའི་རྒྱལ་པོ་དང་ཨ་རམ་པའི་རྒྱལ་པོ་རྣམས་ཀྱི་ཤིང་རྟ་དང་རྟ་རྣམས་ཀྱང་དེ་བཞིན་དུ་ཚོང་པ་དེ་རྣམས་བརྒྱུད་ནས་ཉོས་འོངས་པའོ། །